ལེགས་སྦྱར་དང་པཱ་ལི་བོད་སྐད་བཅས་གསུམ་གྱི་ཚིག་མཛོད།
2010.10.06
༄༅༎རྒྱ་གར་གྱི་གྲོང་ཁྱེར་པུ་ནེའི་ནང་རྟེན་གཞི་བྱས་པའི་པུ་ནེ་གཙུག་ལག་སློབ་གྲ་དང་ལྦར་ན་མཐོ་སློབ་གཉིས་ཟུང་འབྲེལ་ཐོག་ལེགས་སྦྱར་དང་པྰ་ལི་ བོད་སྐད་བཅས་སྐད་ཡིག་གསུམ་གྱི་ཚིག་མཛོད་གསར་པ་ཞིག་འདོན་སྤེལ་གནང་འཆར་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
སྐད་ཡིག་གསུམ་གྱི་ཚིག་མཛོད་གསར་པ་འདོན་སྤེལ་གནང་འཆར་གྱི་གནད་དོན་དང་འབྲེལ་ནས་པུ་ནེའི་གཙུག་ལག་སློབ་ཁང་གི་པཱ་ལིའི་སྡེ་ཚན་གྱི་འགན་འཛིན་དང་ཚིག་མཛོད་གསར་པའི་ལས་འཆར་འགན་འཛིན་ སྐུ་ཞབས་ཨེམ་ཨེ་ཌི་ཨོ་ཀར་ལགས་ཀྱིས་རྒྱ་གར་གྱི་གསར་ཤོག་Indian Expressལ་འགྲེལ་བརྗོད་གནང་བར་ལྟར་ན་ ནང་ཆོས་ཐོག་སློབ་གཉེར་མཐར་ཕྱིན་པ་ཡོང་ཆེད་ལེགས་སྦྱར་དང་ པྰ་ལི་ བོད་ཡིག་བཅས་སྐད་ཡིག་གསུམ་ལས་གཅིག་མ་གཏོགས་མ་ཤེས་ཚེ་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་ དེང་སང་ནང་པའི་གཞུང་ཕལ་མོ་ཆེ་བོད་ཡིག་དང་རྒྱ་ཡིག་ནང་ཡོད་ཅིང་ དེར་བརྟེན་པྰ་ལི་གཞི་རྩར་བཞག་ཐོག་བོད་སྐད་དང་ལེགས་སྦྱར་གཉིས་ཚང་བའི་ཐོག་མཆན་འགྲེལ་དབྱིན་ཡིག་ནང་བྲིས་པའི་ཚིག་མཛོད་གསར་པ་ཞིག་བཀོད་སྒྲིག་བྱ་རྒྱུ་དུས་ཀྱི་དགོས་མཁོ་ཆགས་ཡོད་ལུགས་གསུང་འདུག་ལ་ ཁོང་གིས་ ལས་གཞི་དེ་སྤེལ་མཁན་གྱི་གྲས་སུ་བོད་ཡིག་ཤེས་པའི་ལས་བྱེད་མེད་པ་དང་ ལས་གཞི་དེའི་ཆེད་ལས་ཀ་བྱེད་མཁན་མང་པོ་ཞིག་ཀྱང་སྐད་ཡིག་དེ་དག་ཐོག་རྒྱུས་མངའ་དེ་ཙམ་མེད་པ་སོང་ཚང་ དེའི་ཐོག་གི་མཁས་དབང་སློབ་སྟོན་བྱེད་མཁན་དགོས་མཁོ་ཆེན་པོ་ཡོད་པ་གསུང་འདུག
སྐད་ཡིག་གསུམ་ལྡན་གྱི་ཚིག་མཛོད་གསར་པའི་ལས་འཆར་དེའི་ཆེད་རྒྱ་གར་དབུས་མཐོ་སློབ་འཛིན་སྐྱོང་ལྷན་ཚོགས་ནས་རོགས་དངུལ་ཧིན་སྒོར་འབུམ་དགུ་ཙམ་གནང་ཡོད་པ་དང་ ད་ལྟ་ལས་གཞི་དེ་བརྒྱ་ཆ་ལྔ་བཅུ་ཙམ་སྤེལ་ཟིན་པ་དང་ གོ་སྒྲིག་ཚོགས་ཆུང་གིས་ལས་འཆར་འདི་བཞིན་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བ་དྲུག་པའི་ནང་ལེགས་སྒྲུབ་ཡོང་བའི་རེ་བ་གནང་བཞིན་ཡོད་པ་རེད་