རྒྱ་ནག་གིས་པེ་ལེསི་ཀྲིན་རྒྱལ་ཁབ་འཛུགས་རྒྱུར་རྒྱབ་སྐྱོར།
2011.08.26
༄༅༎པེ་ལེསི་ཀྲིན་རྒྱལ་ཁབ་ཞིག་ཏུ་ངོས་འཛིན་བྱ་རྒྱུར་རྒྱ་ནག་ཕྱོགས་ནས་རིང་མིན་ཕྱི་ཟླ་དགུ་པའི་ནང་ཚོགས་རྒྱུའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པའི་སྐོར་པེ་ལེསི་ཀྲིན་ཕྱོགས་ནས་གསུང་ཡོད་པ་རེད།
དེ་རིང་ཕེ་རིན་སི་གསར་འགྱུར་ལས་ཁང་གིས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་ཡིས་ཡིག་འཕྲིན་ཞིག་རེས་གཟའ་ཕུར་བུའི་ཉིན་པེ་ལེསི་ཀྲིན་གྱི་སྲིད་འཛིན་མའ་མུརྡ་ཨ་སྦ་སེ་ལ་ཕུལ་ཡོད་པ་དང༌། ཡི་གེའི་ནང་དོན་དུ། པེ་ལེསི་ཀྲིན་གྱི་ནུབ་ས་ཁུལ་དང༌། གའ་ཛ་ལུང་གཤོངས། དེ་བཞིན་ཤར་ཇེ་རུ་སེ་ལེམ་བཅས་ས་ཁུལ་ཡོངས་རྫོགས་པེ་ལེསི་ཀྲིན་གྱི་རང་བཙན་རྒྱལ་ཁབ་ཞིག་གསར་འཛུགས་བྱ་རྒྱུའི་ཁྲིམས་ཀྱི་ཐོབ་ཐང་ལ་རྒྱུན་དུ་ནས་རྒྱ་ནག་ཕྱོགས་ནས་རྒྱབ་སྐྱོར་ཡོད་ཅེས་བཀོད་ཡོད་པའི་སྐོར་WAFAཡིས་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།
ན་ནིང་ལོ་མཇུག་ཏུ་པེ་ལེསི་ཀྲིན་གྱི་དབང་བསྒྱུར་འོག་ཡོད་པའི་ས་ཁོངས་ཐོག་ཇིའུ་མི་རིགས་གནས་སྡོད་བྱེད་ཡུལ་གྱི་གཞིས་ཆགས་འཛུགས་སྐྲུན་གྱི་གནད་དོན་རྩོད་གཞི་ཅན་དེ་སེལ་ཐབས་ཀྱི་ཆེད་དུ་པེ་ལེསི་ཀྲིན་དང་ཨིསི་རེལ་གཉིས་བར་ཐད་ཀའི་ཞི་བའི་གྲོས་མོལ་བྱས་པའི་རྗེས་པེ་ལེསི་ཀྲིན་རང་བཙན་རྒྱལ་ཁབ་བཟོ་རྒྱུའི་ཐག་གཅོད་བྱུང་བ་ཞིག་ཡིན་ཞིང༌། འོན་ཀྱང་ཨི་སི་རེལ་ཕྱོགས་ནས། པེ་ལེསི་ཀྲིན་རང་བཙན་བྱ་རྒྱུར་མཐའ་ཅིག་ཏུ་བཀག་འགོག་བྱེད་ཐུབ་ཐབས་མེད་པར་བརྟེན། ཨི་སི་རེལ་ཡིས། ཞི་བའི་གྲོས་མོལ་དེ་ནི་ཕྱོགས་གཉིས་བར་འཐབ་རྩོད་ཀྱི་དཀའ་ངལ་སེལ་ཐབས་དང༌། པེ་ལེསི་ཀྲིན་རྒྱལ་ཁབ་འཛུཌ་པར་ཨ་རིའི་རྒྱབ་སྐྱོར་དགོས་པའི་གནད་དོན་ཐོག་གྲོས་མོལ་གནང་བ་ཡིན་ཟེ་ཤོད་ཀྱི་ཡོད་པ་རེད། པེ་ལེསི་ཀྲིན་ངོས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱ་རྒྱུའི་གཞུང་འབྲེལ་གྱི་རེ་འདུན་སྙན་ཞུ། རིང་མིན་ཕྱི་ཟླ་དགུ་པའི་ཚེས་༢༠ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཚོགས་རྒྱུའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༦༦ པ་སྐོང་ཚོགས་གནང་བའི་སྐབས། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་པ་རེད།