པ་ཀི་སི་ཏན་གྱིས་རྒྱ་གར་གྱི་དཔུང་དམག་ལ་སྨད་བརྗོད་བྱས་པ།
2010.01.03
༄༅༎པ་ཀི་སི་ཐན་གྱི་སྤྱི་ཁྱབ་དམག་སྤྱིས་ རྒྱ་གར་གྱིས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ལ་དུས་གཅིག་ཁ་གཏད་ལྕོག་རྒྱུའི་ནུས་པ་ཡོད་ལུགས་གསུངས་པ་དེར་ཟུར་ཟའི་སྐྱོན་བརྗོད་གནང་ཡོད་འདུག
རྒྱལ་ས་ཨི་སེ་ལ་མ་སྦརྡ་ནས་ཇྰང་ཞེས་པའི་དཔར་བསྐྲུན་ཁང་གི་ཉིན་རེའི་དབྱིན་ཡིག་གསར་ཤོག་གིས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་གར་གྱི་དམག་སྤྱི་རྡི་པཀ་ཀ་པུར་གྱིས་ཉིན་ཤས་གོང་རྒྱ་གར་གྱི་དྲག་པོའི་སྟོབས་ཤུགས་ཧ་ཅང་ཆེ་རུ་ཕྱིན་དེ་ཕྱི་ཕྱོགས་ནས་དྲག་རྒོལ་ཇི་འདྲ་ཞིག་བྱུང་ཡང་ཁ་གཏད་ལྕོག་རྒྱུའི་ནུས་པ་ཡོད་ལུགས་གཏམ་བཤད་གནང་བ་ལུང་འདྲེན་གྱིས་པ་ཀི་སི་ཐན་གྱི་གསར་འགོད་པས་ པ་ཀ་སི་ཐན་གྱི་སྤྱི་ཁྱབ་དམག་སྤྱི་ཏ་རིཁ་མ་ཇིརྡ་ལ་རེས་གཟའ་སྤེན་པའི་ཉིན་བཀའ་འདྲི་ཞུ་སྐབས་ཁོང་གིས་རྒྱ་གར་གྱིས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀར་དུས་གཅིག་ལ་ཁ་གཏད་ལྕོག་རྒྱུའི་ནུས་པ་ཕར་བཞག་པ་ཀི་སི་ཐན་གཅིག་པོར་ཁ་གཏོད་ལྕོག་རྒྱུའི་ནུས་པ་མེད་པ་རེད་ དེ་འདྲའི་ནུས་སྟོབས་མེད་པ་དམག་སྤྱི་རྡི་པཀ་ཀ་པུར་རང་ཉིད་ཀྱིས་མཁྱེན་བཞིན་དུ་གཏམ་བཤད་སྟོང་པ་གནང་བར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་སྐྱོན་བརྗོད་གནང་འདུག ཡང་ཁོང་གིས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་དམག་སྤྱི་རྡི་པཀ་ཀ་པུར་གྱིས་གང་གསུངས་པ་དེ་ཕྱི་བསྒྲགས་ནང་བསྒྲགས་བྱེད་བཞིན་པ་དེ་དངོས་འབྲེལ་ཡིན་ན་དེ་ནི་རང་མདོག་དངོས་སུ་འཕྱར་བ་ཙམ་ལས་སྙིང་པོ་མེད་པའི་རྒོལ་གཏམ་ཁོ་ན་རེད་གསུངས་གནང་འདུག༎