རྒྱ་གར་གྱིས་ས་མཚམས་ཁ་སྣོན་དམག་དཔུང་ཕྱིར་འཐེན་དགོས།
2008.12.30
༄༅༎རེས་གཟའ་མིག་དམར་ཉིན་པ་ཀི་སི་ཐན་གཞུང་གིས་རྒྱ་གར་གཞུང་ལ་ཞི་མོལ་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་དུས་མཚུངས་རྡུལ་ཕྲན་མཚོན་ཆ་ལྡན་པའི་ཡུལ་གྲུ་གཉིས་དབར་གྱི་ཛ་དྲག་གི་གནས་སྟངས་ཞི་ཐབས་སུ་རྒྱ་གར་གྱི་ངོས་ནས་ས་མཚམས་སུ་བཞག་པའི་དཔུང་དམག་ཁ་སྣོན་དེ་དག་ཕྱིར་འཐེན་དགོས་སྐོར་གྱི་བསམ་འཆར་ཡང་བཏོན་ཡོད་པ་རེད།
ཟླ་བ་སྔོན་མར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་ཚབས་ཆེ་བྱུང་རྗེས་རྒྱ་གར་དང་པ་ཀི་སི་ཐན་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་ད་ཆ་ཕྱོགས་གཉིས་ཀའི་ངོས་ནས་འབྲེལ་ལམ་བཟང་དུ་གཏོང་ཐབས་བྱེད་བཞིན་ཡོད་པ་རེད།
པ་ཀི་སི་ཐན་གཞུང་གི་བསམ་འཆར་དེ་ཕྱི་སྲིད་བློན་ཆེན་ཤའ་མེ་མུརྡ་ཁུ་རེ་ཤིས་བཏོན་གནང་པ་ཞིག་ཡིན་ཞིང་ཁོང་གིས་གྲོས་མོལ་བྱ་རྒྱུ་ནི་ཡུལ་གྲུ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན་སྟབས་ང་ཚོས་མདུན་ལྕོག་གཅིག་གི་སྟེང་ཁ་སྤྲོད་དུ་བསྡད་སྟེ་ཕྱི་འབྲེལ་སྲིད་བྱུས་ཀྱི་བརྒྱུད་ལམ་བེད་སྤྱོད་བྱེད་དགོས་ཀྱི་རེད་ཅེས་དང་པ་ཀི་སི་ཐན་གྱི་ངོས་ནས་ད་ལྟའི་ཛ་དྲག་གི་གནས་བབ་ཞི་ཐབས་ཆེད་རྒྱ་གར་དང་དགོས་འདུན་བྱེ་བྲག་པ་གཉིས་ཞུ་རྒྱུ་ཡོད།དེ་ནི་རྒྱ་གར་གཞུང་གིས་ཁ་དམག་གི་གྲ་སྒྲིག་ཤུགས་ཆེ་བྱེད་བཞིན་པའི་ཚད་གཞི་ཆུང་དུ་གཏོང་རྒྱུ་དང་ས་མཚམས་དཔུང་དམག་གི་གྲངས་འབོར་ཞི་བདེའི་དུས་སྐབས་ཀྱི་ཚད་གཞི་བར་ཉུང་དུ་གཏོང་དགོས་རྒྱུ་དེ་གཉིས་ཡིན་པས་རྒྱ་གར་གཞུང་གི་ངོས་ནས་དེ་ལྟར་གནང་ཚེ་དེས་བརྡ་བཟང་པོ་ཞིག་བཏང་པ་མཚོན་རྒྱུ་མ་ཟད་མངའ་ཁུལ་ནང་ཛ་དྲག་གི་གནས་སྟངས་ཆུང་དུ་འགྲོ་རྒྱུར་ཡང་ཕན་ཐོགས་ངེས་ཅན་ཡོང་གི་རེད་ཅེས་གསུངས་འདུག
རྒྱ་གར་གཞུང་གིས་མུམ་སྦའེ་གྲོང་ཁྱེར་ནང་འཇིགས་བསྐུལ་གྱི་དྲག་ལས་སྤེལ་མཁན་དེ་དག་པ་ཀི་སི་ཐན་ནང་རྟེན་གཞི་བྱེད་པའི་ལཤེ་ཀར་ཨེ་ཏོའེ་སྦ་ཟེར་བའི་དྲག་སྤྱོད་ཚོགས་པའི་མི་སྣ་ཡིན་པ་དང་པ་ཀི་སི་ཐན་གཞུང་ལ་དྲག་སྤྱོད་ཚོགས་པ་དེའི་ཐོག་ཞིབ་དཔྱོད་སྟངས་འཛིན་གནང་དགོས་པའི་འབོད་བསྐུལ་ཞུས་ཀྱང་པ་ཀི་སི་ཐན་གྱི་གཞུང་ཕྱོགས་ནས་སྟངས་འཛིན་ཚུལ་བཞིན་བྱས་མེད་ལུགས་རྒྱ་གར་གཞུང་གིས་སྐྱོན་བརྗོད་གནང་བཞིན་ཡོད་པ་རེད།