པ་ཀི་སི་ཐན་ཕྱོཌ་ནས་དྲག་སྤྱོད་པར་རྒྱབ་གཉེར་བྱེད་ཀྱི་མེད་སྐོར།
2009.01.02
༄༅༎རྒྱ་གར་གྱི་སྲུང་སྐྱོབ་བློན་ཆེན་ཉེ་ཆར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པའི་ཚབས་ཆེའི་གཏོར་རྒོལ་གཏོང་མཁན་གྱི་དྲག་སྤྱོད་པའི་ཐོག་པ་ཀི་སི་ཐན་གཞུང་གིས་དྲག་གནོན་བྱེད་ཀྱི་མེད་པའི་སྐྱོན་བརྗོད་གནང་བ་མ་ཟད་ལྷག་པར་དུ་མུམ་སྦའེ་གི་དོན་རྐྱེན་དེའི་ཐོག་ནས་ཡུལ་གྲུ་གཉིས་བར་གྱི་གནས་སྟངས་ཛ་དྲག་ཅན་དུ་གྱུར་མིན་ལ་མ་ལྟོས་པར་རྒྱ་གར་གཞུང་ཕྱོགས་ནས་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་ཁུལ་དུ་དམག་དཔུང་འགྲེམས་འཇོག་བྱས་མེད་ཅེས་གསུང་ཡོད་པ་རེད།
དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་སྲུང་སྐྱོབ་བློན་ཆེན་ཨེ་ཀེ་ཨེན་ཐོ་ནི་ཡིས་རྒྱལ་ས་ལྡི་ལིའི་ནང་གསར་འགོད་པར་རྒྱ་གར་ཕྱོགས་ནས་ཉེ་ཆར་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་གཏོར་རྒོལ་ཚབས་ཆེ་བྱུང་སྟེ་ཁྱོན་མི་གྲངས་༡༧༩རྐྱེན་ལམ་དུ་ཕྱིན་པའི་དོན་རྐྱེན་དེའི་བྱེད་གཏེ་དྲག་སྤྱོད་པའི་ཐོག་པ་ཀི་སི་ཐན་གཞུང་གིས་དྲག་གནོན་བྱེད་དགོས་པའི་འབོད་སྐུལ་ཞུས་པར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་ད་དུང་ཡང་རྒྱ་གར་གཞུང་ཕྱོགས་ནས་མུ་མཐུད་དེ་མུམ་སྦའེ་ནང་གཏོར་རྒོལ་གཏོང་མཁན་གྱི་དྲག་སྤྱོད་པ་དེ་དག་ནི་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་དྲག་སྤྱོད་པ་ཡིན་པ་པ་ཀི་སི་ཐན་གཞུང་ལ་དཔང་རྟགས་ར་སྤྲོད་བྱས་ཡོད་ཀྱང་པ་ཀི་སི་ཐན་གཞུང་གི་དཔོན་རིགས་ཀྱིས་རྒྱ་གར་གྱི་དཔང་རྟགས་དེ་དག་ངོས་ལེན་མ་བྱས་པ་མ་ཟད་དཔང་རྟགས་དེ་རྣམས་རྒྱུ་མཚན་ལྡན་པ་ཞིག་མིན་པའི་ལན་འདེབས་བྱས་ཏེ་པ་ཀི་སི་ཐན་ཕྱོགས་ནས་རྒྱ་གར་གྱིས་ར་སྤྲོད་བྱས་པའི་དཔང་རྟགས་ཀྱི་ཡིག་ཆ་བཏོན་པ་དེ་གལ་འགངས་ཆེན་པོ་མིན་པ་དང་གཙོ་བོ་བྱ་སྤྱོད་ནི་གལ་འགངས་ཆེན་པོ་ཡིན་པ་དང་རྒྱ་གར་ཕྱོགས་ནས་བྱ་སྤྱོད་ཀྱི་ཐོག་ནས་དཔང་རྟགས་ར་སྤྲོད་བྱ་རྒྱུ་མེད་པ་རེད་ཅེས་ལན་འདེབས་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད། ཡིན་ནའང་པ་ཀི་སི་ཐན་གཞུང་གིས་ཉེ་ཆར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་གཏོར་རྒོལ་ཚབས་ཆེ་བྱུང་བའི་རྗེས་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་ཁ་ཆེ་དྲག་སྤྱོད་ཤོག་ཁག་ཐོག་དྲག་གནོན་བྱས་ཏེ་རྒྱ་གར་གཞུང་གིས་ཉེས་ཅན་པར་ངོས་འཛིན་བྱེད་པའི་ཁ་ཆེའི་དྲག་སྤྱོད་ཚོགས་པའི་འགོ་ཁྲིད་ཁག་ཅིག་འཛིན་བཟུང་བྱས་ཡོད་ཀྱང་རྒྱ་གར་གཞུང་ཕྱོགས་ནས་པ་ཀི་སི་ཐན་གཞུང་གི་བྱ་ཐབས་དེས་འདོད་པ་ཁེངས་པ་ཞིག་བྱུང་མེད་པ་དང་དེ་ལས་གཞི་རྒྱ་ཆེ་བའི་དྲག་གནོན་བྱ་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།