པ་ཀི་སི་ཐན་གྱི་སྲིད་འཛིན་རྒྱ་ནག་ལ་འཚམས་གཟིཌ་སུ་ཕེབས་རྒྱུ།
2008.10.13
༄༅༎པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་སང་ཉིན་རེས་གཟའ་མིག་དམར་ཉིན་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་འདུག
ཁོང་ནས་སྲིད་འཛིན་གྱི་ལས་འཁུར་བཞེས་པའི་རྗེས་ཕྱི་ཟླ་དགུ་པའི་ནང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡུལ་ཁག་གི་དབུ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཐོག་ཕེབས་ཏེ་ལྷན་ཚོགས་ཀྱི་ཞོར་སྐབས་དེར་ཨ་རིའི་སྲིད་འཛིན་སྦུཤི་དང་མཇལ་འཕྲད་གནང་ཡོད་པ་རེད་ ཡིན་ནའི་དེ་རིང་པ་ཀི་སི་ཐན་གྱི་ཕྱི་སྲིད་ལྷན་ཁང་གིས་སྲིད་འཛིན་ཛར་རྡ་གི་རྒྱ་ནག་གི་འཚམས་གཟིགས་གསལ་བསྒྲགས་ཀྱི་ནང་སྲིད་འཛིན་ཛར་རྡ་རི་ཡིས་རྒྱ་ནག་གི་གཟིགས་བསྐོར་དེ་ནི་ཁོང་ནས་སྲིད་འཛིན་གྱི་ལས་འཁུར་བཞེས་པའི་ཕྱི་འབྲེལ་གཟིགས་བསྐོར་ཐོག་མ་དེ་ཡིན་པ་དང་གཟིགས་བསྐོར་དེ་ཡང་པ་ཀི་སི་ཐན་ཡུལ་གྱི་ལོ་མང་ནས་ཡིད་ཆེས་འཕེར་བའི་མཐུན་གྲོགས་ཡུལ་དེར་གནང་གི་ཡོད་ཅེས་ངོ་གསོ་ཞིག་ཀྱང་བཏང་ཡོད་པ་རེད་
རྒྱ་ནག་གཞུང་གིས་ཀྱང་པ་ཀི་སི་ཐན་གྱི་སྲིད་འཛིན་གྱི་གཟིགས་བསྐོར་དེ་བརྒྱུད་ཡུལ་གཉིས་དབར་གྱི་ད་ཡོད་ཀྱི་འབྲེལ་བ་དེ་སྔར་ལྷག་རྒྱ་ཆེ་གཏིང་གཟབ་ཅིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད་ རྒྱ་ནག་གིས་ལོ་མང་ནས་གཙོ་བོ་རྒྱ་གར་ལ་ཁ་གཏད་ཀྱི་ཆེད་པ་ཀི་སི་ཐན་ལ་དམག་དོན་གྱི་མཚོན་དཔལ་འབྱོར་གྱི་རོགས་སྐྱོར་ཤུགས་ཆེ་གནང་ཡོད་པ་དང་གནད་དོན་ཉམས་ཞིབ་པ་ཚོས་པ་ཀི་སི་ཐན་གྱི་སྲིད་འཛིན་ཛར་རྡ་རི་ཡིས་ད་ལྟ་ཨ་རིའི་ལྷན་གྱི་འབྲེལ་ལམ་ངེས་གཏན་མེད་པའི་གནས་བབ་དེར་རྒྱ་ནག་ཕྱོགས་ནས་པ་ཀི་སི་ཐན་ལ་དཔལ་འབྱོར་དང་དམག་དོན་གྱི་རོགས་སྐྱོར་ཁག་མུ་མཐུད་རྒྱུན་སྐྱོང་དང་འཕར་སྣོན་ཡོང་རྒྱུའི་འབད་བརྩོན་གནང་གི་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད་
གནད་དོན་ཉམས་ཞིབ་པ་ཊ་ལཏ་མ་སུརྡ་ཡིས་གསུངས་ན་ཨ་རི་དང་རྒྱ་ནག་གཉིས་ཀས་པ་ཀི་སི་ཐན་གྱི་ནང་ཆབ་སྲིད་ཀྱི་གནོན་ཤུགས་སམ་འབྲེལ་འཐུད་ཤུགས་ཆེ་ཡོད་པ་ལྟར་པ་ཀི་སི་ཐན་གཞུང་གིས་འབྲེལ་འཐུད་དེ་གཉིས་ཀའི་ཁེ་ཕན་གང་ཐུབ་ལེན་ཐབས་བྱེད་བཞིན་ཡོད་སྐོར་དགོངས་ཚུལ་གསུངས་ཀྱི་ཡོད་པ་རེད།