རྒྱ་གར་དང་པ་ཀི་སི་ཐན་གྱི་བར་ཞི་གྲོལ་བསྐྱར་གསོའི་ཐུགས་རེ།
2009.07.14
༄༅༎པ་ཀི་སི་ཐན་གྱི་སྲིད་བློན་མཆོག་གིས་རྒྱ་གར་བར་གྱི་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་ལ་ཐུགས་རེ་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།
དེ་ཡང་པ་ཀི་སི་ཐན་གྱི་སྲིད་བློན་དེ་རིང་རེས་གཟའ་མིག་དམར་ཉིན་ཨི་ཇིབ་ཊི་ཡུལ་གྲུའི་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་ཕེབས་པའི་དུས་སྐབས་དང་བསྟུན་ནས་དེར་ཕེབས་པའི་རྒྱ་གར་སྲིད་བློན་གྱི་ལྷན་དུ་རྒྱལ་ཁབ་གཉིས་བར་ཏུ་དེ་སྔོན་ཞི་བའི་གྲོས་མོལ་གྱི་ལས་རིམ་བར་མཚམས་ཆད་པ་དེ་བསྐྱར་གསོ་ཡོང་ཐབས་ཐད་གྲོས་མོལ་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།
རྒྱ་གར་དང་ཁྱིམ་མཚེས་པ་ཀི་སི་ཐན་ཡུལ་གྲུ་གཉིས་བར་ལ་དེ་སྔོན་ཞི་བའི་གྲོས་མོལ་གྱི་ལས་དོན་ཞིག་འགོ་བཙུགས་ཡོད་ཀྱང་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་ཚོང་ལས་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བཏང་སྟེ་མི་དམངས་༡༦༦རྐྱེན་ལམ་དུ་བཏང་བའི་བྱེད་ལྟེ་ནི་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པ་མ་ཟད་པ་ཀི་སི་ཐན་གཞུང་གིས་རྒྱབ་སྐྱོར་བྱས་པའི་སྐྱོན་འཛུགས་བྱས་ཏེ་རྒྱ་གར་ཕྱོགས་ནས་གྲོས་མོལ་ལས་དོན་དེ་བར་མཚམས་བཞག་པ་དང་པ་ཀི་སི་ཐན་གཞུང་ཕྱོགས་ནས་ཀྱང་རྒྱ་གར་གྱི་སྐྱོན་འཛུགས་བྱས་པ་དེ་བདེན་པ་མིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པར་བརྟེན་ད་ལྟ་བར་ཡུལ་གྲུ་གཉིས་བར་གྱི་ཞི་བའི་གྲོས་མོལ་བསྐྱར་གསོ་བྱ་ཐུབ་མེད་པ་རེད། པ་ཀི་སི་ཐན་གྱི་སྲིད་བློན་ཨི་ཇིབ་ཊི་དུ་ལྷན་ཚོགས་སུ་ཕེབས་ཐོན་མ་གནང་གོང་ལ་གསར་འགོད་པར་འགྲེལ་བརྗོད་གནང་བའི་ནང་ཁོང་གི་རྒྱལ་ཁབ་ཀྱི་ངོས་ནས་ཁྱིམ་མཚེས་ཡུལ་གྲུ་ཁག་གི་ལྷན་དུ་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་ལམ་བྱ་འདོད་ཡོད་པ་དང་ལྷག་པར་དུ་ཨི་ཇིབ་ཊི་ནང་ཚོགས་རྒྱུའི་ལྷན་ཚོགས་དེ་ལྟ་བུ་རྒྱལ་ཁབ་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འབྲེལ་ལམ་དེས་པ་ཀི་སི་ཐན་རྒྱལ་ཁབ་ལ་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཡོང་རྒྱུར་ཡིན་པ་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།