ཚེ་འདས་ལ་དྭགས་བླ་མ་བློ་བཟང་དམ་པ་ཁོང་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཤྲི་ཐོབ་འདུག

2025.01.28
ཚེ་འདས་ལ་དྭགས་བླ་མ་བློ་བཟང་དམ་པ་ཁོང་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཤྲི་ཐོབ་འདུག ཚེ་འདས་ལ་དྭགས་བླ་མ་བློ་བཟང་དམ་པ་ཁོང་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཤྲི་ཐོབ་ཡོད་པ།
སྒྲིག་བཟོ། ཀླུ་འབུམ། /Public Relations Officer, LAHDC, Kargil

དེ་ཡང་རྒྱ་གར་དབུས་གཞུང་གིས་ལོ་ལྟར་སྤྱི་ཟླ་དང་པོའི་ཚེས་ ༢༦ ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་དང་བསྟུན་ཡུལ་དེའི་ནང་གི་སྤྱི་ཚོགས་ཞབས་ཞུ་དང་སྲི་ཞུ་ལས་དོན། ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་རྩ། མང་ཚོགས་ཀྱི་བདེ་དོན་སོགས་ཀྱི་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཁག་ཅིག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཤྲི་(Padma Shri)་སོགས་གཟེངས་རྟགས་ཁག་ཅིག་གནང་སྲོལ་ཡོད་པ་ལྟར། འདི་ལོར་པདྨ་ཤྲི་གཟེངས་རྟགས་ཐོབ་མཁན་ཁྱོན་གནད་ཡོད་མི་སྣ་ ༡༣༩ ཡོད་པའི་ཁྲོད། ལོ་མང་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚེ་འདས་ལ་དྭགས་པ་བླ་མ་བློ་བཟང་དམ་པ་ཁོང་མཚན་འདོན་གནང་ནས་ཁོང་གིས་སྐུ་ཚེ་ཧྲིལ་པོར་སྤྱི་བའི་བདེ་དོན་དང་ཆོས་ཕྱོགས་ཀྱི་ཞབས་འདེགས་མང་དག་ཅིག་ཞུས་གནང་བར་ངོས་འཛིན་གནང་འདུག
ལ་དྭགས་བླ་མ་བློ་བཟང་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དུས་དང་རྣམ་པ་ཀུན་ཏུ་གུས་བརྩི་གནང་མཁན་ཞིག་ཡིན་ཞིང་། ཁོང་གིས་མི་ལོ་ཧྲིལ་པོ་ ༦༠ རིང་སྤྱི་བའི་འགྲོ་དོན་སླད་ཕྱག་ལས་གནང་ཡོད་པ་དང་། ལྷག་པར་དུ་ཁོང་གིས་བོད་ཀྱི་རྩ་དོན་ཐད་དུས་དང་རྣམ་པ་ཀུན་དུ་ལྷག་བསམ་གཡོ་བ་མེད་པའི་ཕྱག་ལས་གནང་ཡོད་པས། དམ་པ་ཁོང་ནི་བོད་མི་སྤྱི་ཡོངས་ལ་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་ཞིང་། ཁོང་གིས་མི་ཚེ་གང་པོར་བོད་མིའི་རྩ་དོན་ཐད་བརྗོད་དཀའ་བའི་ཕྱག་ལས་སྣ་མང་ཞིག་གནང་ཡོད་སྐོར། ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ཚབ་འཇིགས་མེད་འབྱུང་གནས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བླ་མ་བློ་བཟང་དམ་པ་ཁོང་གིས་བོད་དོན་རྒྱབ་སྐྱོར་ཙམ་མ་ཟད། བོད་ནས་གསར་དུ་འབྱོར་བའི་བོད་མི་སྐྱབས་བཅོལ་བ་ཚོར་འཕྲོད་བསྟེན་སོགས་ཀྱི་རོགས་སྐྱོར་ཤུགས་ཆེན་གནང་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཟུར་བ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱི་ཕྱག་དེབ་(The Dalai Lama’s Special Envoy)་ཞེས་པའི་ནང་། དེ་སྔ་བོད་མི་མང་པོ་ཞིག་བོད་ནས་བཙན་བྱོལ་དུ་འབྱོར་མ་ཐག་འཕྲོད་བསྟེན་འགོག་སྲུང་མེད་པས། བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ལ་གློ་ནད་ཕོག་རྐྱེན། གསར་དུ་འབྱོར་བའི་བོད་མི་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པའི་སྐབས་དེར། ལ་དྭགས་བླ་མ་བློ་བཟང་ལགས་ཀྱིས་ནད་པ་མང་དག་ཞིག་ནད་གཞི་དེ་ལས་སྐྱོབ་སླད་དུ། སྨན་ཁང་དུ་བརྟག་དཔྱད་བྱེད་པར་དངུལ་གྱི་རོགས་རམ་དང་། ལམ་སྟོན་པ་བསྐོ་གཞག་གནང་བ་སོགས་བརྒྱུད་གསར་དུ་འབྱོར་བའི་བོད་མི་མང་པོའི་ཚེ་སྲོག་སྐྱོབ་ཡོད་སྐོར་སོགས་བཀོད་འདུག
དམ་པ་ཁོང་ནི་ཕྱི་ལོ་ ༡༩༣༡ ལོར་ལ་དྭགས་གླེ་རུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༢ ལོར་དགུང་ལོ་ ༢༡ སོན་སྐབས་བོད་ནང་གི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་ཡོད། རྗེས་སུ་ཁོང་རྒྱ་གར་དུ་ཕྱིར་ཕེབས་རྗེས་མི་ཚེ་གང་བོར་སྤྱི་ཚོགས་ཞབས་ཞུ་གནང་ཡོད།
ཁོང་དེ་སྔ་རྒྱ་གར་གཞུང་གི་ནང་སྲིད་ལྷན་ཁང་གི་ཁོངས་སུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་རྒྱལ་ཡོངས་ལྷན་ཚོགས་(National Commission for Minorities)་ཀྱི་ཚོགས་མི་གནང་མྱོང་བ་དང་། ཕྱི་ལོ་ ༢༠༡༠ ལོར་རྒྱ་གར་ནང་བསྟན་མཐུན་ཚོགས་(Indian Buddhist Confederation )་ཞེས་པའི་ཚོགས་པ་གསར་འཛུགས་གནང་ཡོད། རྒྱ་གར་ནང་པའི་ལྷན་ཚོགས་ཞེས་པ་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་གཞུང་འབྲེལ་ཐོག་དེབ་སྐྱེལ་གནང་ཞིང་། དེའི་ཁྱབ་ཁོངས་འོག་བླ་མ་བློ་བཟང་ལགས་རྒྱལ་སྤྱིའི་ཚོགས་འདུ་ ༤༠ ལྷག་ལ་མཉམ་ཞུགས་གནང་བ་དང་། རྒྱལ་ཡོངས་དང་རྒྱལ་སྤྱིའི་རིམ་པའི་ཚོགས་འདུ་ ༢༡ ཙམ་གོ་སྒྲིག་གནང་སོགས་ཀྱི་ཕྱག་ལས་གནང་ཡོད་པ་དང་། དམ་པ་ཁོང་ཕྱི་ལོ་ ༢༠༢༤ ལོར་དགུང་གྲངས་ ༩༣ སྟེང་རྒྱ་གར་རྒྱལ་ས་ལྡི་ལིར་སྐུ་གཤེགས་ཡོད་པ་རེད་འདུག
རྒྱ་གར་གྱི་(Padma Shri)་གཟེངས་རྟགས་དེ་ནི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་རིམ་པ་བཞི་པ་ཡིན་པ་དང་། དེ་སྔ་གཟེངས་རྟགས་དེ་བཞིན་སྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་ལགས་དང་། མོན་རྟ་དབང་དགོན་པའི་མཁན་ཟུར་གུ་རུ་སྤྲུལ་སྐུ་རིན་པོ་ཆེ། ལ་དྭགས་ཡུལ་གྱི་བླ་ཆེན་༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་བཅས་ལ་ཡང་ཕུལ་མྱོང་ཡོད་པ་རེད།


གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎