༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེར་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་པདྨ་ཤྲི་འབུལ་རྒྱུའི་ནང་མཚན་འདོན་ཞུས་འདུག
ལ་དྭགས་ཀྱི་བླ་ཆེན་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༢༣ལོའི་(Padma Shri)་ཞེས་རྒྱ་གར་གཞུང་གི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་བཞེས་མཁན་གྱི་གྲས་སུ་མཚན་འདོན་ཞུས་འདུག
ལོ་ལྟར་རྒྱ་གར་གཞུང་གིས་ཕྱི་ཟླ་༡ཕྱི་ཚེས་༢༦སྟེ། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་དང་བསྟུན། རྒྱ་གར་ནང་ལ་སྤྱི་ཚོགས་ཞབས་ཞུ་དང་སྲི་ཞུ་ལས་དོན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་དང་། སྤྱི་ཚོགས་དང་མང་ཚོགས་ཀྱི་བདེ་དོན་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ཁག་ཅིག་ལ་རྒྱ་གར་གྱི་སྤྱི་དམངས་ཀྱི་གཟེགས་རྟགས་(Padma Vibhushan)་དང་། (Padma Bhushan) དེ་བཞིན་(Padma Shri)་བཅས་ཀྱི་གཟེངས་རྟགས་འབུལ་སྲོལ་ཡོད་པ་དེའི་ཆ་ཤས་ཤིག་ཡིན་པ་རེད།
རིན་པོ་ཆེ་མཆོག་གིས་ད་བར་ལ་དགས་ཡུལ་མི་ཚོར་ཆོས་ལུགས་མཐུན་སྒྲིལ་གཙོས་སྤྱི་ཚོགས་ཕན་བདེའི་ཕྱག་ལས་མང་དག་ཞིག་གནང་ཡོད་ལ། རྒྱ་གར་གྱི་ཆབ་སྲིད་སྡིངས་ཆ་མི་འདྲ་མང་པོའི་ནང་འགན་འཁུར་གྱི་ཕྱག་ལས་གནང་ཡོད་པར་མ་ཟད། ལ་དྭགས་མང་ཚོགས་ལ་འཕྲད་བཞིན་པའི་བཀའ་སྡུག་གང་མང་སེལ་རྒྱུར་ཞབས་འདེགས་ཞུས་གནང་ཡོད་འདུག ལྷག་པར་དུ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༩༩ནས་༢༠༠༢བར་རྒྱ་གར་གི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་ཡང་གནང་མྱོང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།