སྤྱི་འཐུས་གསར་པ་རྣམས་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ།
2011.09.13
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་གནང་བའི་ བོད་ཀྱི་གྲོས་ཚོགས་དང་ཆབ་སྲིད་ཉམ་ཞིབ་བསྟེ་གནས་ཁང་གིས་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༥པའི་ནང་འདེམས་ཐོན་བྱུང་བའི་སྤྱི་འཐུས་གསར་པ་རྣམས་ལ་ཉིན་ལྔའི་རིང་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ་དེ་བཞུགས་སྒར་དུ་ཟླ་བ་འདིའི་ཚེས་༡༠ནས་དབུ་འཛུགས་གནང་བཞག།
བོད་ཀྱི་གྲོས་ཚོགས་དང་ཆབ་སྲིད་ཉམ་ཞིབ་བསྟེ་གནས་ཁང་གི་འགན་འཛིན་དང་ད་ལྟའི་སྤྱི་འཐུས་ལས་ཐོག་ཆོས་སྐྱོང་དབང་ཕྱུགས་ལགས་ཀྱིས་ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྙན་འཕྲིན་ཐོག་འགྲེལ་བརྗོད་གནང་ཡག་ལ། ད་རེས་ཀྱི་ཟབ་སྦྱོང་དེའི་དམིགས་ཡུལ་གཙོ་བོ་ནི་སྤྱི་འཐུས་རྣམ་པ་ཚོར་ གྲོས་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ཕྱག་ལས་གནང་ཕྱོགས་། བཞུགས་སྒར་རྡ་སར་ཡོད་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་ལས་དོན་སོགས་བོད་དོན་དང་འབྲེལ་བའི་ཤེས་བྱ་ཡར་རྒྱས་དང་གོ་རྟོགས་མཐོ་རུ་གཏོང་ཐབས་གནང་རྒྱུ་བཅས་ཡིན་པ་རེད། དེ་དང་ཆབས་ཅིག་ཟབ་སྦྱོང་ནང་བཞུགས་གནང་མཁན་ཚོར་ བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང༌། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་སྐོར་གནས་ཚུལ་ངོ་སྤྲོད་གནང་རྒྱུ་ཡིན་ལུགས། ཆོས་སྐྱོང་དབང་ཕྱུགས་ལགས་ཀྱིས་གསུང་བཞག།
ཟླ་བ་འདིའི་ཚེས་༡༠ནས་༡༥བར་ཉིན་གྲངས་ལྔའི་རིང་གི་ཟབ་སྦྱོང་དེའི་ནང༌། འགོ་སྟོད་སྤྱི་འཐུས་རྣམ་པ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་གཟིགས་སྐོར་གནང་ཡག་དབུ་འཛུགས་གནང་ཡོད་ཅིང༌། གཟིགས་སྐོར་དང་པོ་གནང་ཡུལ་ཕྱི་དྲིལ་ལྷན་ཁང་གི་དྲུང་ཆེ་ལས་འཕར་བཀྲིས་ལགས་ཀྱིས་ ཕྱི་དྲིལ་ལྷན་ཁང་གི་ལས་དོན་གནང་ཕྱོགས་སྐོར་ཟབ་འཁྲིད་ཞིབ་ཕྲ་གནང་འདུག།