༧གོང་ས་མཆོག་གིས་གྲ་བཙུན་ལྔ་བརྒྱ་བརྒལ་བར་དགེ་ཚུལ་སློང་གི་སྡོམ་པ་སྩལ་བ།

2023.03.04
༧གོང་ས་མཆོག་གིས་གྲ་བཙུན་ལྔ་བརྒྱ་བརྒལ་བར་དགེ་ཚུལ་སློང་གི་སྡོམ་པ་སྩལ་བ།
དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་གྱི་སྔ་རྗེས་སུ་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ།དགེ་ཚུལ་སློང་གི་སྡོམ་པ་འབོགས་གནང་གི་ཡོད་པ་བཞིན།འདི་ལོ་ཡང་སྤྱི་ཟླ་༣པའི་ཚེས་༢ནས་བསྒྲུབ་བྱ་དགེ་ཚུལ་ཕོ་མོ་ཚོར་དགེ་ཚུལ་གྱི་སྡོམ་པ་གནང་ཡོད་པ་མ་ཟད།སྤྱི་ཚེས་༣ནས་བོད་དང་སོག་པོ།ཉི་ཧོང་དང་རྒྱ་གར།ནུབ་ཕྱོགས་པ་སོགས་བསྒྲུབ་བྱ་ལྔ་བརྒྱ་བརྒལ་བར་དགེ་ཚུལ་སློང་གི་སྡོམ་པ་གནང་མགོ་བཙུགས་ཡོད་པ་དང་།སྤྱི་ཚེས་༤ཉིན་དགེ་སློང་བསྒྲུབས་པ་ཚོར་༧གོང་ས་མཆོག་གིས་ཚུལ་ཁྲིམས་རྣམ་དག་སྲུང་དགོས་པ་དང་།མི་གཞན་ལ་ཕན་ཐོགས་ཅི་ཐུབ་བསྒྲུབ་དགོས་པ་སོགས་ཀྱི་ལམ་སྟོན་ཕེབས་ཡོད་ཅིང་།ཡང་སྤྱི་ཚེས་༣ཉིན་མོར་དགེ་སློང་བསྒྲུབས་པ་ཚོར།༧གོང་ས་མཆོག་གིས་“མགོན་པོ་གང་ཉིད་ཀྱིས་ཕྱག་མོ་ཐུགས་བརྟག་སོགས་གནང་སྐབས།རྒྱ་ནག་ནི་ནང་པའི་རྒྱལ་ཁབ་སྟོབས་ཆེ་ཤོས་ཤིག་ཆགས་ཡོད་པ་དང་།མ་འོངས་པར་རྒྱ་ནག་ལ་ནང་ཆོས་ཁྱབ་འཕེལ་གྱི་རེ་བ་ཆེན་པོ་ཡོད་པའི་ཕྱག་མོ་ཡག་པོ་བབས་ཡོད་པར་བརྟེན།དགེ་སློང་ཚོས་རྒྱ་ཡིག་སྦྱངས་ཏེ་རྒྱ་ནག་ནང་བསྟན་པའི་ཞབས་འདེགས་གནང་དགོས་པའི་བཀའ་སྩལ་པ།དགེ་སློང་གསར་དུ་བསྒྲུབས་པ་འབྲས་སྤུངས་བློ་གསལ་གླིང་གི་དགེ་སློང་བློ་བཟང་བརྩོན་འགྲུས་ལགས་ནས་འགྲེལ་བརྗོད་གནང་གི་འདུག
ཡང་སྤྱི་ཚེས་༤ཉིན་དགེ་སློང་བསྒྲུབས་པ་ཧྥ་རན་སིའི་ནཱལནྡཱ་དགོན་པ་ནས་ཡིན་པ།སྦི་ར་ཛིལ་གྱི་ཡུལ་མི་དགེ་སློང་ཐུབ་བསྟན་བསྐལ་ལྡན་ལགས་ནས།དགེ་སློང་ཆགས་པ་དང་ཆབས་ཅིག་སོ་སོའི་བླ་མར་ཞབས་ཏོག་དང་སེམས་ཅན་ལ་ཕན་བདེ་སྒྲུབ་འདུན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ཁོ་རང་གིས་སྤྱན་རས་གཟིགས་དངོས་༧རྒྱལ་བ་རིན་པོ་ཆེའི་མདུན་ནས་སྡོམ་པ་ཐོབ་པར་ཚོར་བ་ཧ་ཅང་དམིགས་བསལ་བྱུང་བ་དང་།ཕྱིར་ལོག་གིས་མུ་མཐུད་སློབ་གཉེར་མཇུག་སྐྱོང་དང་རང་གི་བླ་མ་བཟོད་པ་རིན་པོ་ཆེར་ཞབས་ཏོག་བསྒྲུབ་པ་དང་།རང་སེམས་ལ་ཞུ་དག་འགྱུར་བཅོས་གཏོང་བཞིན་སེམས་ཅན་ལ་ཕན་བདེ་བསྒྲུབ་འདུན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་།ཡང་ཉི་ཧོང་གི་མི་རིགས་རྒྱུད་སྨད་གྲྭ་ཚང་གི་དགེ་སློང་བསྟན་འཛིན་མཁྱེན་བརྩེ་ལགས་ནས་ཀྱང་།ཉི་ཧོང་ནང་དགེ་སློང་དཀོན་པོ་ཡིན་པས་ཁོ་རང་གིས་དགེ་སློང་གི་སྡོམ་པ་ཞུས་ཡོད་པ་དང་།འབྱུང་འགྱུར་ཉི་ཧོང་ལ་དགེ་སློང་གི་དགེ་འདུན་མང་པོ་ཡོང་རེ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
འབྲས་སྤུངས་བློ་གསལ་གླིང་གི་དགེ་སློང་ཐུབ་བསྟན་བསྟན་པ་ལགས་ནས།མི་ཚེ་འདིར་སོ་སོ་ལ་དགེ་སློང་གི་སྡོམ་པ་རྣམ་དག་འཐོབ་རྒྱུ་ལས་ལྷག་པའི་ལས་ཀ་རྩ་ཆེན་ཞིག་མེད་པར་བརྟེན།སོ་སོ་ཧ་ཅང་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་གིས་ཉི་མ་རེ་ལ་བསྒྲུབ་བྱ་དགེ་སློང་དྲུག་ཅུ་ལྷག་པ་རེར་སྡོམ་པ་སྩལ་གྱི་ཡོད་པས།ད་དུང་སྤྱི་ཚེས་༥ནས་མུ་མཐུད་དེ་དགེ་སློང་གི་སྡོམ་པ་འབོགས་གཏན་ཁེལ་ཡོད་པ་དང་།དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་ནས་གསུངས་ན།སྤྱི་ལོ་༡༩༦༠རེ་གྲངས་ནས་ད་བར༧གོང་ས་མཆོག་གིས་ཁྱོན་བསྡོམས་པའི་དགེ་སློང་༢༧༠༠༠ལྷག་བསྒྲུབས་གནང་ཡོད་པ་ངོ་སྤྲོད་གནང་གི་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎