རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་སྐོར།
2010.09.08
༄༅༎བདུན་ཕྲག་འདིའི་ནང་བགྲེས་ཡོལ་ལ་ཕེབས་པའི་རྒྱ་གར་དབུས་ལྟ་ཞིབ་འགན་འཛིན་པརཏ་ཡུཤ་སིན་ཧ་ཡིས་ ཡུལ་གྱི་ནང་དཔལ་འབྱོར་ལ་འདོད་རྔམ་ཆེ་རུ་འགྲོ་གི་ཡོད་པའི་རྒྱུ་མཚན་གྱིས་ རྒྱ་གར་ནང་ཆ་སྙོམ་མི་གསུམ་ནང་ནས་ཅིག་ལྐོག་ཟ་རུལ་སུངས་བྱེད་མཁན་ཡིན་སྐོར་གསུངས་བཞག།
ཡུལ་མིའི་སྒྲིག་ཁྲིམས་ཐོག་ལྟ་ཞིབ་གནང་མཁན་ལས་ཁང་གི་འགན་འཛིན་ཟུར་པ་པརཏ་ཡུཤ་སིན་ཧ་ཡིས་ ཁོང་འཚར་ལོངས་གནང་བའི་དུས་སྐབས་སུ་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་མི་དེར་སྤྱི་ཚོགས་ནང་ཚང་མས་དམའ་འབེབས་བྱེད་སྲོལ་ཡོད་པ་དེ་། དེང་སང་མེད་པ་ཆགས་ནས། ད་ལྟའི་སྐབས་འདིར་ལྐོག་ཟ་རུལ་སུངས་བྱེད་མཁན་ཚོར་སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་ཀྱི་ཡོད་པའི་གནས་སྟངས་ཞིག་ཆགས་ཡོད་པ་དང༌། མི་ཚོ་རྒྱུ་རྔམ་ཆེ་རུ་འགྲོ་བཞིན་པ་དང་ཆབས་ཅིག་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་ཀྱང་མང་དུ་འགྲོ་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།
རྒྱལ་སྤྱིའི་ནང་ལྐོག་ཟ་རུལ་སུངས་ལ་སྐྱོན་བརྗོད་གནང་མཁན་Transparency Internationalཞེས་པའི་རྒྱལ་སྤྱིའི་ཕྱི་གསལ་ནང་གསལ་ལས་ཁུངས་ཀྱིས་ རྒྱ་གར་དེ་བཞིན་འཛམ་གླིང་ནང་ནས་ལྐོག་ཟ་རུལ་སུངས་མང་ཤོས་བྱེད་མཁན་རྒྱལ་ཁབ་ཨང་༨༤པར་ངོས་འཛིན་གནང་ཡོདཔ་རེད།
གོས་ཞུས་སྒྲིག་འཛུགས་དེས་ལོ་ལྟར་རྒྱ་གར་རྒྱལ་ཡོངས་ནས་ཞིང་པ་མི་ཚང་དབུལ་ཕོང་ས་ཡ་མང་པོས་གཞུང་གི་ལས་བྱེད་ཁག་ལ་ཐོབ་ཐང་རག་ཐབས་སུ་དངུལ་གྱི་རྔན་པ་སྤྲོད་དགོས་ཀྱི་ཡོད་པའི་གནས་ལུགས་ཐེར་འདོན་གནང་བཞག།