ཨོ་ལིམ་པིཀས་ཚོགས་གཙོས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ།
2008.04.11
༄༅༎རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་ཁྲག་དྲི་དྲོ་བའི་དྲག་གནོན་བྱེད་པའི་བྱ་སྤྱོད་ཐོག་ཡོ་རོབ་རྒྱལ་ཁབ་ནང་དང་ཨ་མེ་རི་ཀའི་ནང་རྒྱ་ནག་པེ་ཅིང་ཨོ་ལིམ་པིཀས྄་རྩེད་འགྲན་སྒོ་འབྱེད་མཛད་སྒོ་བཀག་འགོག་བྱེད་དགོས་པའི་གླེང་སློང་ཤུགས་ཆེ་ཡོང་བཞིན་ཡོད་པ་ལྟར་དེ་རིང་རྒྱ་ནག་ཏུ་འཛམ་གླིང་ཨོ་ལིམ་པིཀས྄་རྩེད་འགྲན་ཚོགས་ཆུང་གི་ཚོག་གཙོ་ཇཱཁ་རོ་གོས་རྒྱ་ནག་ལ་སྐྱོན་བརྗོད་གནང་ཡོད་པ་རེད། རྒྱ་ནག་གི་ཨོ་ལིམ་པིཀས྄་རྩེད་འགྲན་ཚོགས་པར་དུས་ཚོད་ཉེ་བའི་སྐབས་དེར་རྒྱལ་སྤྱིའི་ཨོ་ལིམ་པིཀས྄་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོས་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་བ་དེ་ནི་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་བྱ་སྤྱོད་སྤེལ་བ་ནས་བཟུང་ད་བར་ཁོང་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་ཡོད་པའི་སྐོར་གྱི་བཀའ་མོལ་གནང་བ་ཙམ་ལས་རྒྱ་ནག་ལ་འཛིན་པའི་དགོངས་ཚུལ་ཐེངས་འགའ་ཤས་གནང་བ་རྣམས་རྒྱ་ནག་གཞུང་ལ་ཐད་ཀར་ཆབ་སྲིད་ཀྱི་ཐོག་ནས་སྐྱོན་བརྗོད་གནང་རྒྱུར་བཟོད་སྲན་གནང་ཡོད་ཀྱང་ད་རེས་དམིགས་བསལ་གྱིས་སྐྱོན་བརྗོད་གནང་སྟེ་རྒྱ་ནག་གིས་ཨོ་ལིམ་པིཀས྄་རྩེད་འགྲན་ཚོགས་པར་ཟླ་བ་ཁ་ཤས་ལས་མེད་པའི་གོང་དེར་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡང་རྒྱས་གཏོང་རྒྱུ་དང་གསར་འགོད་པ་རྒྱ་ནག་ཏུ་འགྲོ་བསྐྱོད་ཆོག་པའི་མཐུན་འགྱུར་སྐྲུན་དགོས་པའི་སྐོར་བཀའ་མོལ་ཤུགས་ཆེ་གནང་ཡོད་པ་མ་ཟད་ རྒྱ་ནག་གི་ཨོ་ལིམ་པིཀས྄་རྩེད་འགྲན་གྱི་དཔལ་འབར་རྒྱལ་སྤྱིའི་ནང་སྐོར་བསྐྱོད་བྱེད་པའི་སྐབས་རྣོ་ངར་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ནི་ཨོ་ལིམ་པིཀས྄་རྩེད་འགྲན་ཚོགས་ཆུང་ཐོག་ཛ་དྲག་གི་གནས་སྟངས་ཤིག་ཡིན་པའི་སྐོར་གསུངས་ཡོད་པ་རེད། རྒྱ་ནག་གཞུང་གིས་སྐྱོན་བརྗོད་དེར་ངོས་ལེན་མེད་པ་མ་ཟད་ རྒྱ་ནག་ནང་སྲིད་ལ་ཐེ་ཇུས་བྱེད་པའི་དགག་ལན་སྤེལ་ཡོད་པ་རེད༎