རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་།
2008.07.28
༄༅༎དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནག་ཉེས་གུ་ཡང་ཚོགས་པས་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་ལ་བརྙས་སྟེ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་གི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད་
རྒྱལ་སྤྱིའི་ནག་ཉེས་གུ་ཡང་ཚོགས་པས་རྒྱ་གཞུང་ནས་བཅོས་བསྒྱུར་གྱི་རྣམ་པ་ཆུང་ངུ་ཞིག་སྟོན་པ་ལས་དོན་དངོས་ཐོག་ཡུལ་ནང་བརྟན་ལྷིང་དང་འཆམ་མཐུན་གྱི་རྣམ་པ་བཏོན་ཆེད་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་འགུལ་སྤེལ་མཁན་དང་ཁྲིམས་རྩོད་པའི་ཐོག་དྲག་གནོན་བྱེད་རྒྱུ་དེ་ཤུགས་ཆེ་རུ་བཏང་ཡོད་སྐོར་སྐྱོན་བརྗོད་གནང་ཡོད་པ་རེད་ རྒྱལ་སྤྱིའི་ནག་ཉེས་གུ་ཡང་ཚོགས་པས་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་དང་འཛམ་གླིང་གི་སྲིད་དོན་གྱི་འགོ་འཁྲིད་རྣམས་ཀྱིས་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ད་ལྟ་གནོན་ཤུགས་མ་གནང་ཚེ་ཨོ་ལིམ་པིག་རྩེད་འགྲན་མཇུག་བསྒྲིལ་ཟིན་པའི་རྗེས་རྒྱ་གཞུང་གིས་དྲག་གནོན་གྱི་ལས་འགུལ་དེ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་ཡོད་པ་རེད་ ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་གལ་སྲིད་རྒྱ་གཞུང་གི་དཔོན་རིགས་ཚོས་གློ་བུར་དུ་སྲིད་བྱུས་ཐོག་འགྱུར་བ་ཞིག་མ་བཏང་ཕྱིན་ཨོ་ལིམ་པིག་མཇུག་བསྒྲིལ་ཟིན་པའི་རྗེས་འགྲོ་བ་མིའི་ཐོབ་ཐང་གི་མཇུག་འབྲས་དེ་བཟང་པོ་ཞིག་ཡོང་རྒྱུ་མིན་སྐོར་གསུང་འདུག
དེ་མ་ཟད་རྒྱལ་སྤྱིའི་ནག་ཉེས་གུ་ཡང་ཚོགས་པས་རྒྱ་གཞུང་གིས་ལག་བསྟར་བྱེད་དགོས་པའི་དགོས་འདུན་ཁག་ཅིག་བཏོན་གནང་ཡོད་པ་དང་ དེ་དག་ནི་སྲིད་དོན་བཙོན་པ་ཁག་གློད་བཀྲོལ་གཏོང་དགོས་པ་ བསྐོར་སྲུང་བས་སྲིད་དོན་གྱི་ལས་འགུལ་སྤེལ་མཁན་དང་གཞུང་ཕྱོགས་དང་ལྟ་བ་ཐ་དད་འཛིན་མཁན་རྣམས་གང་བྱུང་འཛིན་བཟུང་དོ་དམ་བྱེད་རྒྱུ་མཚམས་འཇོག་ སྲོག་ཐོག་གི་ཉེས་ཆད་གཏོང་བ་མཚམས་འཇོག གསར་འགྱུར་བརྒྱུད་ལམ་ཁག་ལ་རང་དབང་ཆ་ཚང་དང་ཉེ་ལམ་བོད་ནང་འཛིན་བཟུང་དོ་དམ་དང་དམར་གསོད་བཏང་བ་རྣམས་ཀྱི་ཐོ་གཞུང་བཏོན་དགོས་པའི་སྐོར་དགོས་འདུན་ཁག་དེ་དག་བཏོན་གནང་ཡོད་པ་རེད་