རྒྱ་མིའི་ལས་བྱེད་ལ་བོད་ས་མཐོའི་གནམ་གཤིས་ཀྱི་དཀའ་ངལ།
2011.01.26
༄༅༎བོད་ནང་ལས་དོན་བྱེད་བར་ཡོང་མཁན་རྒྱ་མིའི་ལས་བྱེད་པ་ཚོས་ས་མཐོའི་གནམ་གཤིས་ལ་གོམས་འདྲིས་མེད་པ་དང་དབུགས་རླུང་མི་འདེངས་བའི་དཀའ་ངལ་ཆེན་པོ་ཁྱད་གསད་བྱེད་བཞིན་ཡོད་པར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྲང་ཅི་ལིས་བསྔགས་བརྗོད་ཆེན་པོ་བྱས་འདུག
ཉེ་དུས་ཀྲང་ཅི་ལི་ལ་གསར་ལམ་ཞིག་གིས་བཅར་འདྲི་བྱས་པའི་སྐབས། དཔོན་རིགས་མང་པོ་ཞིག་རྒྱ་ནག་ས་དམའ་ས་ནས་བོད་མཐོ་སྒང་ལ་ལས་དོན་བྱེད་བར་འབྱོར་སྐབས་ས་མི་འཕྲོད་པའི་དཀའ་ངལ་འཕྲད་ཀྱི་ཡོད་ནའང༌། ཁོང་ཚོས་སྡུག་སྐད་རྩ་བ་ནས་མ་རྒྱབ་པར། བོད་ཀྱི་འཛུགས་སྐྲུན་ཡར་རྒྱས་ཆེད་སོ་སོའི་མི་ཚེའི་ནང་གི་ལོ་མང་པོ་ཞིག་ལེགས་སྐྱེས་ཕུལ་ཡོད་སྐོར་ཀྲང་ཅི་ལིས་འགྲེལ་བརྗོད་བྱས་འདུག། དེ་བཞིན་ཀྲང་གིས་༢༠༠༡ནས་ད་བར་བོད་ནང་གི་རྒྱ་མིའི་ལས་བྱེད་པ་༤༡༠༠ཙམ་ཞིག་ཆ་སྙོམ་ལོ་༦༤ལ་སླེབས་དུས་འདས་གྲོངས་ཕྱིན་ཡོད་པ། དེ་ནི་རྒྱ་ནག་གི་ནང་ཡུལ་མིའི་ཚེ་ཚད་ཆ་སྙོམ་ལོ་༧༢ཡིན་པ་ལས་དམའ་བ་ཡོད་སྐོར་འགྲེལ་བརྗོད་བྱས་བཞག། ཟླ་བ་འདིའི་ནང་ཀྲང་ཅི་ལི་ལོ་༦༠ལ་སླེབས་ཡོད་པ་དང༌། དེ་སྔོན་༢༠༠༥ལོར་ཁོང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལ་བསྐོ་གཞག་བྱུང་བའི་སྐབས་ ཁོང་གི་ལོ་ནའི་བབས་ནས་བྱས་ན་བོད་ས་མཐོར་གནས་སྡོད་བྱེད་ཁག་པོ་ཡིན་པའི་ཉེན་བརྡ་གཏོང་མཁན་བྱུང་ཡོད་། འོན་ཀྱང་ཁོང་གིས་ས་གནས་བོད་པ་ཚོས་འཚོ་གནས་ཐུབ་དུས་ཁོང་རང་ཉིད་གནས་སྡོད་མི་ཐུབ་པ་མེད་སྐོར་བརྗོད་ཡོད་པ་རེད། འོན་ཀྱང་བོད་ནང་ཡོད་པའི་རྒྱ་མིའི་ལས་བྱེད་པ་ཚོས་ ལྟོ་དུས་གསུམ་བཟས་པའི་ཐོག་ཁྲག་ཤེད་ཀྱི་སྨན་དང་མཚན་མོ་གཉིད་སྨན་སོགས་བཟའ་དགོས་ཀྱི་ཡོད་པའི་དཀའ་ངལ་འགྲེལ་བརྗོད་བྱས་འདུག།