ཚ་རོང་སྲས་བདུད་འདུལ་རྣམ་རྒྱལ་སྐུ་གཤེགས།
2011.06.21
༄༅༎བོད་ཀྱི་ལོ་རྒྱུས་ཐོག་བྱས་པ་ཅན་ཚ་རོང་ཛ་སག་ཟླ་བཟང་དགྲ་འདུལ་མཆོག་གི་སྲས་བདུད་འདུལ་རྣམ་རྒྱལ་མཆོག་ཕྱི་ཟླ་དྲུག་པའི་ཚེས་༡༨ ཉིན་དགུང་གྲངས་༩༡ཐོག་རྒྱ་གར་གྱི་བྱང་ཕྱོགས་རྡེ་ར་རྡུན་སྨན་ཁང་དུ་དགོངས་པ་རྫོགས་ཡོད་པ་རེད།
ཚ་རོང་བདུད་་འདུལ་རྣམ་རྒྱལ་མཆོག་གི་ཡབ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ས་དབང་་ཟླ་བཟང་དགྲ་འདུལ་མཆོག་དང་ཡུམ་ཚ་རོང་པད་མ་སྒྲོལ་དཀར་ལགས་ཀྱི་སྲས་སུ་ཕྱི་ལོ་༡༩༢༠་ལོར་ལྷ་སར་ཚ་རོང་གཟིམ་ཤག་ཏུ་འཁྲུངས་པ་དང༌། ཚ་རོང་གཟིམ་ཤག་གི་སྲས་བགྲེས་ཤོས་ཡིན་ཞིང༌། ཁོང་སྐུ་ན་ཆུང་དུས་སྐབས་ཡབ་ཡུམ་གཉིས་ཀྱིས་རྒྱ་གར་དུ་དབྱིན་ཇིའི་སེནཏ་ཇོ་སེཕ་མཐོ་སློབ་ཏུ་སློབ་གཉེར་གནང་བ་བཏང་གནང་བ་དང༌། དེ་རྗེས་མཐོ་སློབ་འགྲིམས་ཟིན་པའི་རྗེས། བོད་གཞུང་གི་ཕྱག་ལས་གནང་སྟེ། དེ་སྔ་བོད་རང་བཙན་སྐབས་བོད་གཞུང་གི་གཞུང་ཞབས་དང༌།དེ་རྗེས་བཙན་བྱོལ་དུ་ཕེབས་པའི་རྗེས་བཙན་བྱོལ་གཞུང་གི་ཕྱག་ལས་གནང་ཡོད་པ་རེད། ཚ་རོང་བདུད་་འདུལ་རྣམ་རྒྱལ་མཆོག་ནི་ཡབ་ཀྱི་དགོངས་གཞི་གང་ཡོད་པ་དེའི་ཐོག་རྗེས་སྙེགས་གནང་མཁན་ཞིག་ཡིན་ཞིང༌། ཁོང་གིས་བོད་དུ་དེང་དུས་དང་མཐུན་པའི་ཡར་རྒྱས་གཏོང་རྒྱུའི་ཕྱག་ལས་གནང་སྟེ། དབྱིན་ཇིའི་སྐུ་ཚབ་ཀྱི་ལྷན་དུ་སྐུད་མེད་ཏར་འཕྲིན་གསར་གཏོད་ནང་ཕྱག་ལས་གནང་བ་དང༌། དེ་བཞིན་ལྷ་ས་སྐྱིད་ཆུའི་སྟེང་གློག་འདོན་ཆུ་མཛོད་འཛུགས་སྐྲུན་ནང་ཕྱག་ལས་གནང་ཡོད་པ་རེད། དེ་རྗེས་༡༩༥༩ ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས། ཁོང་བོད་ནས་རྒྱ་གར་དུ་ཉེན་གཡོལ་དུ་ཕེབས་ཏེ། ཀ་སྤུག་གཟིམ་ཤག་ཏུ་བོད་མི་སྤྱི་མཚུངས་བཞིན་སྐྱབས་བཅོལ་བ་གནང་སྟེ་བཞུགས་པའི་རིང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བཀའ་སློབ་ལམ་སྟོན་འོག་ཁོང་གིས་དེང་རབས་ཀྱི་ཤེས་བྱ་ཡོན་ཏན་དང༌། རིག་རྩལ་བེད་སྤྱད་དེ་བཙན་བྱོལ་བོད་གཞུང་གསར་འཛུགས་གནང་བར་ཞབས་འདེབས་ཞུས་ཡོད་པ་དང༌། ད་དུང་ཁོང་གིས་ཡབ་ཚ་རོང་ས་དབང་ཆེན་མོའི་ལོ་རྒྱུས་ཀྱི་ཕྱག་དེབ་ཅིག་ཀྱང་རྩོམ་བྲིས་གནང་བ་དང༌། དེ་ནས་ཁོང་རང་ཉིད་ཀྱི་སྐུ་པར་བཀོད་པའི་བོད་ཀྱི་ལོ་རྒྱུས་ཀྱི་ཕྱག་དེབ་ཅིག་ཀྱང་རྩོམ་བྲིས་གནང་ཡོད་པ་རེད། ཚ་རོང་མདུན་འདུལ་རྣམ་རྒྱལ་དམ་པ་འདི་ཉིད་ལ། ཤུལ་ལུས་ལྕམ་ཆུང་དབྱངས་ཅན་སྒྲོལ་དཀར་ལགས་དང༌། སྲས་སྲོས་ལྔ་ཡོད་པའི་ནང་ནས། སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་དང༌། ཞ་སྒབ་པ་ནོར་འཛིན་ལགས། ཚ་རོང་ཚེ་དབང་འཇིགས་མེད་ལགས། སྐྱབས་རྗེ་འབྲི་གུང་ཆེ་ཚང་རིན་པོ། ཚ་རོང་ཚེ་བརྟན་དཔལ་འབྱོར་ལགས་དང་སྲས་སྲོས་་ཨ་བ་བཅས་ཡོད་པ་རེད།