ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྐོར།
2010.01.16
༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གི་སྲིད་གཞུང་གིས་རྒྱ་ནག་དང་མཉམ་སྦྲེལ་ཐོག་ནས་རྒྱལ་སྤྱིའི་དཀའ་རྙོག་ཁག་ཅིག་སེལ་ཐབས་མུ་མཐུད་གནང་བཞིན་པ་རེད།
རྒྱ་ནག་དེ་དགྲ་བོ་ལྟར་དོར་རྒྱུ་མིན་ལ་གཅེས་ལངས་སུ་ཡང་གཏོང་གི་མིན་ཞེས་ཨོ་སྦ་མ་ཨ་རིའི་སྲིད་འཛིན་འོས་མིར་བཞུགས་ཏེ་འོས་བསྡུའི་དྲིལ་བསྒྲགས་སྐབས་དེ་ལྟར་གསུང་བཤད་གནང་ཡོད་ཀྱང་དངོས་སུ་འོས་བསྡུའི་རྒྱལ་ཁ་ལོན་ནས་སྲིད་འཛིན་དམ་འབུལ་རྗེས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༸་གོང་ས་༸སྐྱབས་མགོན་ཆེན་པོ་དང་མཇལ་འཕྲད་ཕར་འགྱངས་གནང་བ་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བའི་ཟིིན་ཐོར་སྐྱོན་བརྗོད་བྱེད་ཤུགས་ཆུང་དུ་གཏོང་བ། རྒྱ་ནག་གཞུང་གིས་འགྲོ་རྒྱུག་དངུལ་གྱི་རྫ་ཐང་བཅོས་ཏེ་བརྗེ་བསྒྱུར་ཛ་ཐང་དམའ་བོར་བཞག་སྟེ་ཚོང་གི་ཁེ་ཕན་བླངས་དང་ལེན་བཞིིན་པར་སྐྱོན་བརྗོད་གནང་རྒྱུར་དོགས་ཟོན་གནང་བཞིན་པ་རེད། འོན་ཀྱང་སྦ་རཀ་ཨོ་སྦ་མ་ཡིས་ཨ་རིའི་སྲིད་འཛིན་ལས་ཁུར་བཞེས་པའི་ལོ་དུས་གཉིས་པའི་ནང་རྒྱ་ནག་དང་བསམ་ཚུལ་ཕྱོགས་འགལ་གྱི་གནས་ཚུལ་ཡོང་ངེས་ཡིན་ཞིང༌། ཟླ་བའི་རྗེས་མའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།
ཕྱོགས་མཚུངས་ཨ་རི་སྲིད་གཞུང་གིས་ཐའེ་ལྦན་ལ་ཆེས་ཡར་ཐོན་ཅན་གྱི་གོ་མཚོན་ཚོང་བསྒྱུར་བྱ་རྒྱུ་ཡིན་པ་རེད། བདུན་ཕྲག་འདིའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་བོད་མིར་རང་སྐྱོང་ཡོང་ཐབས་ཀྱི་༧གོང་ས་མཆོག་གི་མཛད་བྱུས་ལ་རྒྱབ་སྐྱོར་ཡོད་པ་དང་། དེ་བཞིན་ཐའེ་ལྦན་ལ་ཆེས་ཡར་ཐོན་ཅན་གྱི་གོ་མཚན་མུ་མཐུད་ཚོང་བསྒྱུར་བྱ་རྒྱུ་ཡིན་ལུགས་གསར་འགོད་པར་གསུངས་གནང་འདུག
ཕྱི་ལོ་༢༠༡༠་ཤར་མ་ཐག་ཨ་རིའི་དྲ་རྒྱའི་ཁེ་གཉེར་ལས་ཁང་Googleགི་ལས་དོན་ལ་རྒྱ་ནག་གཞུང་གིས་དམ་དྲག་དང་ཁྲིམས་མཐུན་མིན་པའི་བྱ་སྤྱོད་ལ་ཨ་རིའི་སྲིད་གཞུང་དང་གྲོས་ཚོགས། ཚོགས་སྡེ་བཅས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་པ་རེད།