ཨོ་བ་མས་གསུང་བཤད་ནང་ཚོང་དོན་འཕེལ་རྒྱས་ངོ་སྤྲོད།
2011.01.22
༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་གཟའ་མིག་དམར་ཉིན་ཨ་རི་གཞུང་གིས་ལོ་གསར་པའི་ནང་སྲིད་བྱུས་འཛིན་ཕྱོགས་སྐོར་གྱི་རྒྱལ་དོན་གསུང་བཤད་ཨ་རིའི་གྲོས་ཚོགས་ནང་གནང་འཆར་ཡོད་པ་རེད། དེའི་གོང་དེ་རིང་གཟའ་སྤེན་པའི་ཉིན་ཨ་རིའི་སྲིད་འཛིན་མཆོག་ནས་ཨ་རིའི་དངོས་ཟོག་འཛམ་གླིང་ཁྲོམ་རའི་ནང་བཏོན་རྒྱུར་སྒོ་མོ་ཕྱེ་རྒྱུའི་སྐོར་གྱི་དགོས་འདུན་གསར་དུ་བཏོན་གནང་ཡོད་པ་རེད། ཨ་རིའི་ནང་ལས་ཤོར་མི་སྣའི་གྲངས་འབོར་རྒྱ་ཆ་དགུ་དང་གྲངས་ཆུང་བཞི་ཙམ་ལ་བསླེབས་ཀྱི་ཡོད་ཅིང་ ཨ་རིའི་ནང་གི་ལས་ཤོར་མི་སྣའི་གནས་སྟངས་དཀའ་ངལ་སེལ་རྒྱུ་དང་ ཚོང་དོན་འབྲེལ་ལམ་བཟང་དུ་གཏོང་རྒྱུར་གལ་འགངས་ཆེ་ཤོས་ཤིག་ནི་རྒྱལ་སྤྱིའི་ཁྲོམ་རའི་ནང་ཨ་རིའི་དངོས་ཟོག་ཚོང་འགྲེམས་མང་དུ་གཏོང་རྒྱུ་དེ་ཡིན་ལུགས་གཟའ་འཁོར་རེའི་རླུང་ཕྲིན་གྱི་ལེ་ཚན་ཞིག་གི་ཐོག་གསུང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་གྱི་གོང་ཞུས་བཀའ་མོལ་དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་ཉིན་གྲངས་བཞིའི་རིང་གི་རྒྱལ་དོན་མཚམས་གཟིགས་གྲུབ་མ་ཐག་གནང་བ་ཞིག་ཡིན་པ་དང་ ཨ་རིའི་ནང་ལས་ཤོར་མི་སྣའི་གྲངས་འབོར་ཇེ་མང་དུ་ཕྱིན་པའི་གནས་སྟངས་དེ་བཞིན་གཙོ་བོ་རྒྱ་ནག་གི་རིན་གོང་མ་གནས་ཆུང་བའི་དངོས་ཟོག་མང་པོ་ཞིག་ཨ་རིའི་ནང་ཕྱིར་དྲེན་བྱེད་ཀྱི་ཡོད་པར་བརྟེན་ནས་བྱུང་བ་ཞིག་ཡིན་པར་ཨ་རིའི་མི་མང་མང་པོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད༎