ཨ་རིའི་སྲིད་འཛིན་ནས་༸གོང་ས་མཆོག་དང་མཇལ་རྒྱུ་མིན་སྐོར།

ཨ་རིའི་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་རིང་མིན་ཨ་རིར་ཕེབས་སྐབས་མཇལ་འཕྲད་གནང་རྒྱུ་མིན་པ་དེ་བློ་འཚབ་སྐྱེ་གཞི་ཆགས་འདུག

2009.09.15

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་བཱ་མ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་བྱུས་ལ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་ཀྱང་བོད་མིའི་དབུ་ཁྲིད་རིང་མིན་ཨ་རིར་ཕེབས་སྐབས་མཇལ་འཕྲད་གནང་རྒྱུ་མིན་པ་དེར་བོད་དོན་རྒྱབ་སྐྱོར་བ་ཚོས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་འཛིན་ཨོ་བཱ་མ་མཆོག་གི་སློབ་སྟོན་པ་ལྦེ་ལེ་རི་ཇ་རེཏེ་གཙོས་པའི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ལ་ཕེབས་ནས་༸གོང་ས་མཆོག་མཇལ་འཕྲད་ཀྱིས་བོད་མིའི་དབུ་ཁྲིད་ཀྱིས་བོད་ཀྱི་ཆོས་དང་སྐད་ཡིག་ རིག་གཞུང་ སྲུང་སྐྱོབ་དང་འཛམ་གླིང་ནང་ཞི་བདེ་བསྐྲུན་ཆེད་དུ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བཞིན་པ་དེར་སྲིད་འཛིན་ཨོ་བཱ་མས་བསྔགས་བརྗོད་གནང་གི་ཡོད་སྐོར་གསུངས་ཡོད་ལུགས་སྲིད་འཛིན་ལས་ཁུངས་ཀྱི་རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཁང་གི་མགྲིན་ཚབ་པ་མའེཀ་ཧེ་མར་གྱིས་གསུངས་ཡོད་པ་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག མགྲིན་ཚབ་པས་སྲིད་འཛིན་གྱིས་༸གོང་ས་མཆོག་ཨ་རིར་ཕེབས་སྐབས་མཇལ་འཕྲད་གནང་རྩིས་མེད་སྐོར་གང་ཡང་གསུངས་མི་འདུག་ཀྱང་༸གོང་ས་མཆོག་གིས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པ་དེར་ཨ་རི་དང་རྒྱ་ནག་གཉིས་ཀས་ངེས་པར་དུ་ཐུགས་སྣང་གནང་འོས་པ་ཞིག་རེད་ཅེས་གསུངས་གནང་འདུག འོན་ཀྱང་༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་ལ་ཕེབས་པའི་རྗེས་སུ་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་ལུགས་གསལ་བསྒྲགས་གནང་འདུག དེ་ལྟར་ཡང་བོད་དོན་དོན་གཉེར་བ་ཁག་ཅིག་གིས་སྲིད་འཛིན་ཨོ་བཱ་མ་མཆོག་གིས་རྒྱ་ནག་གི་ཤུགས་གནོན་འོག་༸གོང་ས་མཆོག་ཕྱི་ཟླ་བཅུ་པའི་ནང་ཨ་རིར་ཕེབས་སྐབས་མཇལ་འཕྲད་གནང་རྩིས་མེད་པ་དེར་བསམ་ཚུལ་བཏོན་བཞིན་པ་རེད་ དཔེར་ན་ནིའུ་ཡོག་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཟུར་ཚེ་རིང་དཔལ་ལྡན་ལགས་ཀྱིས་སྲིད་འཛིན་ཨོ་བཱ་མ་མཆོག་གིས་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་གནང་མི་ནུས་པའི་རྣམ་འགྱུར་ནོར་འཁྲུལ་ཅན་ཞིག་ཡིན་པ་གསལ་པོ་རེད་ཅེས་གསུངས་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མགྲིན་ཚབ་པ་ཀེཊི་སོན་ཌརསེ་ཡིས་ཨ་རིའི་སྲིད་འཛིན་གྱིས་འདི་ལོའི་ལོ་མཇུག་ཏུ་༸གོང་ས་མཆོག་མཇལ་འཕྲད་གནང་རྩིས་ཡོད་སྐོར་གསུངས་གནང་འདུག སྲིད་འཛིན་གྱི་སྐུ་ཚབ་གྲས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་པ་མཱ་རི་ཡ་ཨོ་ཊེ་རོ་ཡང་ཕེབས་ཡོད་པ་ལྟར་ཁོང་གིས་སྲིད་འཛིན་ཨོ་བཱ་མ་ཡིས་བོད་ཀྱི་རྩ་དོན་ཐད་དངོས་འབྲེལ་ཡར་རྒྱས་གཏོང་རྒྱུའི་འདུན་པ་སྙིང་བཅངས་གནང་གི་ཡོད་ལུགས་འགྲེལ་བརྗོད་གནང་འདུག ཨ་རིའི་ཨིན་ཌི་ཡ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་དོན་མཁས་དབང་ཨེ་ལི་ཡརཊི་སེཔར་ལིང་གིས་སྲིད་འཛིན་ཨོ་བཱ་མ་ཡིས་༸གོང་ས་མཆོག་དང་འབྲེལ་ལམ་གནང་ཕྱོགས་ཐད་ཟབ་ཟབ་གནང་བཞིན་པ་དེར་རྒྱ་ནག་གིས་དམིགས་བསལ་དོ་སྣང་བྱེད་ཀྱི་རེད་ཅེས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎