༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད།
2010.02.16
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་རྣམ་གཉིས་ཕྱི་ཟླ་༢ཚེས་༡༨ཉིན་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་གཏན་འཁེལ་བ་དང་ དེས་རྒྱ་ནག་ལ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་དུས་སུ་སླེབས་ཡོད་པའི་ནུས་ཤུགས་ལྡན་པའི་ལན་བརྡ་ཞིག་འཕྲོད་རྒྱུ་ཡིན་ལུགས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས་ཕེརནསི་གསར་ལས་ཁང་ལ་གསུངས་འདུག།
གཟའ་ཕུར་བུའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་མཇལ་འཕྲད་གནང་རྒྱུར་རྒྱ་ནག་གཞུང་གིས་འགོག་ཐབས་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་ གལ་ཏེ་ཨ་མི་རི་ཀའི་སྲིད་འཛིན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཚེ་ དེས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད།
འོན་ཀྱང་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས་དེ་ནི་རྒྱ་ནག་གཞུང་གི་འཆར་ཅན་གྱི་ཁོང་ཁྲོའི་རྣམ་འགྱུར་ཞིག་ཡིན་པ་དང་ རྒྱལ་སྤྱིའི་ཐོག་བོད་དོན་ཐད་སེམས་འཁུར་ཡོད་པ་དེར་རྒྱ་ནག་གཞུང་ཕྱོགས་ནས་གལ་ཆེར་ངོས་འཛིན་བྱེད་ཀྱི་མེད་མདོག་གི་རྣམ་འགྱུར་བསྟན་པ་ཞིག་ཡིན་པ་གསུངས་འདུག་ལ་ ད་དུང་ཁོང་གིས་ རྒྱ་ནག་གཞུང་གིས་གཏམ་བཤད་ཇི་ལྟར་བྱེད་མིན་ལ་མ་བལྟོས་པར་ དོན་དངོས་རྒྱལ་སྤྱིའི་བསམ་ཚུལ་ལ་རྒྱ་ནག་གིས་བཙིགས་ཐོངས་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག།
ཡང་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འཛམ་གླིང་ནང་གི་སྟོབས་ཆེན་ཡུལ་གྲུ་ཨ་མི་རི་ཀའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་དེས་ བོད་ནང་གི་བོད་མི་ཚོའི་གནས་སྟངས་འཛམ་གླིང་ནང་མ་བརྗེད་པར་གནས་ཡོད་པ་མཚོན་ཐུབ་རྒྱུ་ཡིན་སྟབས་ བོད་མི་ཚོའི་སྙིང་སྟོབས་འཕེལ་བར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་འདུག།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རེས་གཟའ་མིག་དམར་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཐོན་གནང་ཞིང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཞབས་སོར་འཁོར་གནང་མཛད་རྒྱུ་ཡིན་པ་རེད།