རྙིང་མའི་སྨོན་ལམ་ཚོཊ་བཞིན་པ།
2014.02.08

༄༅༎རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཉེ་ལམ་ཕྱི་ཟླ་༡ པོ་ཚེས་ ༣༡ ནས་ཕྱི་ཟླ་༢པའི་ཚེས་ ༡༠ བར་ཉིན་བཅུ་གཅིག་གི་རིང་སྔ་འགྱུར་སྙིང་མའི་སྨོན་ལམ་ཆེན་མོ་ཚོགས་གནང་བཞིན་འདུག།
སྔ་འགྱུར་རྙིང་མའི་དབུ་འཛིན་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག། སྐྱབས་རྗེ་མཁྱེན་བརྩེ་ཡང་སྲིད་རིན་པོ་ཆེ། སྐྱབས་རྗེ་བདུད་འཇོམས་ཡང་སྲིད་རིན་པོ་ཆེ། སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ། སྐྱབས་རྗེ་གྱང་ཁང་རིན་པོ་ཆེ། སྐྱབས་རྗེ་ནམ་མཁའ་དྲི་མེད་རིན་པོ་ཆེ། མཁོ་ཁྱིམ་རིན་པོ་ཆེ། རི་མགོ་སྤྲུལ་སྐུ་རིན་པོ་ཆེ། མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་རྣམས་ཀྱིས་གཙོས་མཁན་སྤྲུལ་དགེ་འདུན་གྲྭ་བཙུན་རབ་སྔགས་ཆིག་ཁྲི་ལྷག་ལྷན་འཛོམས་གནང་སྟེ། རྡོ་རྗེ་གདན་མཆོད་རྟེན་ཆེན་མོའི་ཕྱོགས་བཞི་མདུན་ཐང་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་ཚོགས་བཞིན་ཡོད་པ་རེད།
འདི་ལོ་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་སྟོན་དང་བསྟུན་སྤྱི་ཟླ་ ༢པའི་ཚེས་ ༥ ཉིན་བྷིའི་ཧ་རིའི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་Nitish Kumarམཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ཐོག་རྡོ་རྗེ་གདན་ས་གནས་ཀྱི་ཆོས་ལུགས་ཡོངས་རྫོགས་ཀྱི་དབུ་ཁྲིད་རྣམ་པ་དང་ལྷན་དུ་འཛམ་གླིང་ཞི་བདེའི་ཆེད་དུ་དམིགས་ནས་ཆོས་ལུགས་སོ་སོའི་ལུགས་ལྟར་སྨོན་ལམ་གསུང་འདོན་གནང་ཡོད་པའི་སྐོར། ས་གནས་ནས་རྙིང་མའི་སྨོན་ལམ་ཆེན་མོའི་གོ་སྒྲིག་ཚོགས་ཆུང་གི་སྤྱི་ཁྱབ་འགན་འཛིན་བླ་མ་བསྟན་སྐྱབས་ལགས་ཀྱིས་ང་ཚོའི་རླུང་འཕྲིན་ཁང་ལ་ཞལ་པར་ཐོག་ནས་འགྲེལ་བརྗོད་གནང་འབྱུང༌།
སྤྱི་ཚེས་༦་ཉིན་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེའི་ཡང་སྲིད་མཆོག་གི་སྐུ་པར་སྨོན་ལམ་ཚོགས་དབུས་སུ་གདན་དྲངས་ཡོད་པ་དང། སང་ཉིན་སྤྱི་ཚེས་༨ ཕྱག་ཚོད་༩ པའི་ཐོག་སྔ་འགྱུར་སྨོན་ལམ་བགྲང་བྱ་ཉེར་ལྔ་འཁོར་པའི་མཛད་སྒོ་དངོས་གཞི་དུས་འཁོར་ཐང་དཀྱིལ་དུ་དབུ་འཛུགས་ཞུ་རྒྱུ་དང་། ཉིན་རྒྱབ་སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནས་འདུས་ཚོགས་ལ་ཚེ་དབང་བཀའ་དྲིན་དང་འབྲེལ་དགོང་མོ་གླིང་བྲོ་གར་ཀྱི་མཆོད་སྤྲིན་འབུལ་གནང་རྒྱུ་དང། སྤྱི་ཚེས་ ༩ ཉིན་གུ་རུའི་ཚོགས་འབུལ་ཟབ་རྒྱས་དང་། ཚེས་༡༠ཉིན་རྒྱལ་ཡོངས་སྔ་འགྱུར་སྨོན་ལམ་ཆེན་མོ་ཐེངས་ཉེར་ལྔ་པ་མཇུག་སྒྲིལ་གནང་རྒྱུ་རེད་འདུག།
རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཚོགས་གནང་བཞིན་ཡོད་པ།
གསར་འགོད་པ་རིག་ལྡན་སྒྲོལ་མ།