རྒྱ་གར་དང་རྡུལ་ཕྲན་འཕྲུལ་རིགས་ཚོང་བསྒྱུར་བྱེད་ཆོག་པའི་སྐོར།
2008.09.06
༄༅༎རྒྱལ་ཁབ་ ༤༥ ལས་གྲུབ་པའི་རྒྱལ་སྤྱིའི་ནང་རྡུལ་ཕྲན་ནུས་ཤུགས་ཀྱི་འཕྲུལ་རིགས་ཚོང་བསྒྱུར་བྱ་མཁན་གྱི་མཐུན་ཚོགས་དེས་ དེ་རིང་གཟའ་སྤེན་པའི་ཉིན་རྒྱ་གར་དང་རྡུལ་ཕྲན་འཕྲུལ་རིགས་ཚོང་བསྒྱུར་གྱི་ལས་དོན་སྤེལ་མི་ཆོག་པའི་ལོ་གསུམ་བཅུ་སོ་བཞིའི་ཁྲིམས་གཞི་བཀག་སྡོམ་དེ་ཕྱིར་བསྡུ་བྱས་ཡོད་པ་རེད་ དེས་ད་ཆ་རྒྱ་གར་དང་ཨ་མི་རི་ཀའི་དབར་བཞག་པའི་རྡུལ་ཕྲན་འཕྲུལ་རིགས་ཚོང་བསྒྱུར་བྱ་རྒྱུའི་ཆིངས་དོན་དེ་ལག་བསྟར་ཐུབ་རྒྱུའི་འགོག་རྐྱེན་ཆེ་ཤོས་ཤིག་མེད་པ་བཟོ་ཐུབ་པ་བྱུང་ཡོད་པ་རེད་
འོན་ཀྱང་རྒྱ་གར་ཐོག་བཀལ་བའི་བཀག་སྡོམ་གྱི་ཁྲིམས་གཞི་དེ་ལས་སླ་པོའི་ཐོག་ནས་ཕྱིར་བསྡུ་བྱས་ཐུབ་པ་བྱུང་མེད་ཅིང་ ཡུལ་གྲུ་མང་ཆེ་བས་ཁྲིམས་གཞི་དེ་ཕྱིར་བསྡུ་བྱ་རྒྱུར་མོས་མཐུན་བྱས་ཡོད་ན་ཡང་ རྒྱལ་ཁབ་འགའ་ཤས་ཀྱིས་ རྒྱ་གར་ནི་རྡུལ་ཕྲན་མཚོན་ཆ་ཁྱབ་བརྡེལ་བཀག་སྡོམ་གྱི་རྒྱལ་སྤྱིའི་ཁྲིམས་ཡིག་ལ་མིང་རྟགས་མ་བཀོད་མཁན་ཞིག་ཡིན་སྟབས་ རྒྱ་གར་གྱི་ངོས་ནས་ཨ་རིའི་འཕྲུལ་རིགས་དེ་དག་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུར་བེད་སྤྱོད་བྱེད་དེ་ དེས་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་དེའི་ནང་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་གྱི་འགྲན་བསྡུར་ལེའུ་གསར་པ་ཞིག་སྒོ་ཕྱེ་སྲིད་ལུགས་བརྗོད་སྟེ་དགག་བྱ་ཤུགས་ཆེ་བྱས་ཡོད་པ་རེད་ འོན་ཀྱང་མཐར་སྐར་མ་དགུ་བཅུའི་རིང་གི་ཚོགས་འདུ་འཕར་མ་ཞིག་ཚུགས་སྐབས་ཨ་རིའི་ཤུགས་རྐྱེན་དང་ རྒྱ་གར་གྱི་ཁས་ལེན་སྣོན་མ་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་ ༤༥འི་སྐུ་ཚབ་ཚང་མས་དམ་བསྒྲགས་ཕྱིར་བསྡུ་བྱ་རྒྱུར་མོས་མཐུན་གནང་ཐུབ་པ་བྱུང་ཡོད་པ་རེད་
ད་ཆ་ཨ་མི་རི་ཀའི་གྲོས་ཚོགས་ནས་ཨ་མི་རི་ཀ་དང་རྒྱ་གར་དབར་རྡུལ་ཕྲན་འཕྲུལ་རིགས་ཚོང་བསྒྱུར་བྱ་རྒྱུའི་ཆིངས་དོན་དེ་ལག་བསྟར་རྩ་འཛིན་བྱ་རྒྱུའི་ཁྲིམས་ཡིག་ཏུ་གཏན་འབེབས་བྱེད་དགོས་ཀྱི་ཡོད་ཅིང་ དེ་ཡང་ཕྱི་ཟླ་དགུ་པཔའི་ཟླ་མཇུག་ཏུ་གྲོས་ཚོགས་ཀྱི་ཚོགས་དུས་མ་ཚར་གོང་གཏན་འབེབས་ཡོང་རྒྱུར་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་རེད་
ཆིངས་དོན་དེ་ནི་ ཨ་མི་རི་ཀའི་སྲིད་འཛིན་ཇོརཇ་སྦུཤ་མཆོག་དང་ རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་རྣམ་གཉིས་དབར་ཕྱི་ལོ་ ༢༠༠༥ ལོར་བཞག་པ་ཞིག་ཡིན་པ་དང་ ཨ་རིའི་ཞི་བའི་ལས་དོན་ཐད་ཀྱི་རྡུལ་ཕྲན་འཕྲུལ་རིགས་དེས་ དཔལ་འབྱོར་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་རྒྱ་གར་ལ་ཤིན་ཏུ་མཁོ་བའི་ནུས་ཤུགས་མཁོ་འདོན་བྱ་རྒྱུར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་རེད།