ནོར་ཝེ་ནས་བོད་རྒྱའི་དབར་ཞི་མོལ་སླད་བར་འདུམ་གནང་བཞིན་པ།

ནོར་ཝེའི་གཞུང་གིས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་དབར་ཞི་མོལ་འབྱུང་ཐབས་སླད་བར་འདུམ་གྱི་འབད་བརྩོན་གནང་བཞིན་ཡོད་འདུག

2008.06.05

༄༅༎ནོར་ཝེའི་གཞུང་གིས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་དབར་ཞི་མོལ་འབྱུང་ཐབས་སླད་ བར་འདུམ་གྱི་འབད་བརྩོན་གནང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎

དེ་ཡང་རེས་གཟའ་ཕུར་བུའི་ཉིན་ཨེཕཱ་ཀྲེན་པོསི་ཀྲེན་ཞེས་པའི་ནོར་ཝེའི་གསར་ཤོག་གི་གནས་ཚུལ་ནང་གསལ་ལྟར་ན་ བོད་མིའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་གནང་པའི་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གི་དཔོན་རིགས་དབར་བོད་རྒྱའི་དཀར་རྙོག་གི་འཁོན་འཛིན་སེལ་ཐབས་སླད་ ནོར་ཝེའི་གཞུང་ཕྱོགས་ནས་རྒྱུན་རིང་ཕྱོགས་གཉིས་དབར་ཞི་མོལ་གནང་རྒྱུའི་བར་འདུམ་གྱི་འབད་བརྩོན་གནང་གི་ཡོད་པ་རེད་ གོང་གསལ་གསར་ཤོག་དེས་ཝི་ཇི་ཞེས་པའི་ནོར་ཝེའི་གསར་ཤོག་གི་གནས་ཚུལ་ལུངས་འདྲེན་བྱས་པར་གཞིགས་ན་ ནོར་ཝེའི་གཞུང་གིས་བོད་རྒྱའི་དབར་ཞི་མོལ་བར་འདུམ་གྱི་ལས་དོན་དེའི་ནང་ གཙོ་བོ་ནོར་ཝེའི་ཕྱི་སྲིད་ལས་ཁུངས་ནང་རྒྱལ་སྲུང་དྲུང་ཆེ་ རཱེ་མེན་ཇོ་ཧེན་སེན་ དང་ དྲུང་ཆེ་ཝི་ཌར་ཧེལ་གེ་སེན་རྣམ་གཉིས་ཀྱི་འགན་ཁུར་རྐང་བཞེས་གནང་གི་ཡོད་པ་དང་ ཁོང་གཉིས་ཀྱིས་བོད་རྒྱའི་དབར་ཞི་མོལ་བསྐྲུན་ཐབས་ཀྱི་ལས་གཞིའི་དེའི་འོག་ བཙན་བྱོལ་བོད་གཞུང་དང་རྒྱ་ནག་གི་སྐུ་ཚབ་རྣམ་པ་ནོར་ཝེའི་ནང་གདན་ཞུས་ཀྱིས་མཇལ་འཛོམས་དང་ དེ་བཞིན་ཕྱིའི་ཡུལ་ཁག་ནང་གནས་པའི་ནོར་ཝེའི་གཞུང་ཚབ་ལས་ཁང་གིས་འབྲེལ་ཡོད་མི་སྣས་ རྒྱ་ནག་དང་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ལྷན་དུ་གྲོས་མོལ་བཀའ་བསྡུར་རིམ་པ་གནང་ཡོད་པའི་སྐོར་གསལ་འདོན་བྱས་བཞག གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན་ ནོར་ཝེའི་གཞུང་གིས་བོད་རྒྱའི་དབར་ཞི་མོལ་བར་འདུམ་གྱི་ལས་དོན་དེ་གསང་རྒྱ་ཆེན་པོའི་ཐོག་བཀོད་བསྒྲིགས་གནང་སྟེ་ གནས་ཚུལ་འདི་བཞིན་འབྲེལ་ཡོད་མི་སྣ་རེ་ཟུང་གི་མ་གཏོགས་གཞན་གྱི་མཁྱེན་རྟོགས་མེད་པ་དང་ ལྷག་པར་དུ་གསང་རྒྱ་ཆེན་པོ་གནང་དགོས་ཡས་འདི་རྒྱ་ནག་གཞུང་གིས་དགོས་འདུན་གཞིར་བཟུང་ཡིན་པར་བརྗོད་འདུག ནོར་ཝེའི་གཞུང་གིས་བོད་རྒྱའི་དབར་ཞི་མོལ་བསྐྲུན་ཐབས་ཀྱི་དཔེ་མཚོན་ལྟ་བུར་གཟིགས་ན་ སྐབས་ཤིག་ནོར་ཝེའི་ཕྱི་སྲིད་ལས་ཁུངས་ནང་རྒྱལ་སྲུང་དྲུང་ཆེན་ཇོ་ཧེན་སེན་གྱིས་ ཁོང་སུད་སི་གྲོང་ཁྱེར་ཇི་ནི་ཝ་རུ་གཞུང་དོན་ཕྱོགས་བསྐྱོད་གནང་སྐབས་ དུས་མཉམ་ཉེ་སྐོར་གྱི་རྒྱལ་ཁབ་གཞན་ཞིག་ནང་གསང་བའི་ཐོག་ནས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་ དེ་བཞིན་བོད་རྒྱའི་དཀའ་རྙོག་གི་ཐད་ལ་ནོར་ཝེའི་ཕྱི་སྲིད་བློན་ཆེན་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྷན་དུ་མཇལ་མོལ་རིམ་པ་གནང་ཡོད་པ་རེད་འདུག གནས་ཚུལ་ནང་གསལ་ལྟར་ན་ བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ནོར་ཝེའི་གཞུང་གིས་གསང་བའི་ཐབས་ཇུས་ཐོག་ནས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་དབར་ཞི་མོལ་བསྐྲུན་ཐབས་ཀྱི་འབད་བརྩོན་ལ་ ཨ་རི་གཞུང་གིས་བསྔགས་བརྗོད་གནང་ཡོད་པ་རེད་ ཡིན་ཡང་ནོར་ཝེའི་གཞུང་གི་བོད་རྒྱ་ཞི་མོལ་གྱི་ལས་དོན་འགན་འཁུར་བཞེས་མཁན་དྲུང་ཆེ་ཇོ་ཧེན་སེན་མཆོག་ནས་བོད་རྒྱའི་དབར་ཞི་མོལ་བར་འདུམ་གྱི་ལས་གཞིའི་འདིའི་སྐོར་དགོངས་ཚུལ་གང་ཡང་གསལ་འདོན་གནང་མེད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎