རྟ་མཆོག་ཁ་འབབ་ཐོག་གློག་ཁང་འཛུཌ་རྒྱུར་ངོ་རྒོལ།
2011.06.22
༄༅༎ཇན་ཆེ་ཏྲ་མནཆ་ཞེས་པའི་རྒྱ་གར་གྱི་མང་ཚོགས་ཀྱི་གོ་རྟོགས་སྤེལ་མཁན་ཚོགས་པས་རྒྱ་ནག་གིས་སྦ་ར་མ་པུ་ཏྲ་གཙང་པོའི་སྟོད་ཕྱོགས་སུ་གློག་ཁང་འཛུགས་སྐྲུན་བྱ་རྒྱུའི་ལས་འཆར་གྱིས་རྒྱ་གར་གྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་ཕོག་རྒྱུ་ཡིན་པའི་ངོ་རྒོལ་གནང་འདུག།
རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཕྱོགས་གྲོང་ཁྱེར་ཨ་ལའ་སྦའརྡ་ནང་གོང་ཞུས་རྒྱ་གར་གྱི་ཚོགས་པ་དེའི་ཚོགས་མི་མང་པོ་ཞིག་འདུ་འཛོམས་ཐོག་རྒྱ་ནག་གི་ལས་འཆར་དེར་ངོ་རྒོལ་གནང་ཡོད་པ་རེད། རྒྱ་ནག་གི་དཔོན་རིགས་ཚོས་སྦ་ར་མ་པུ་ཏྲ་གཙང་པོ་འམ་། རྟ་མཆོག་ཁ་འབབ་ཐོག་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་གསལ་བཏོན་བྱས་ཡོད་ཅིང༌། གཙང་པོ་དེའི་འབྱུང་ཁུངས་བོད་ཡིན་པ་དང༌། གཙང་པོ་རྒྱུག་ཁུལ་ལྟེ་བ་དེ་རྒྱ་གར་དང་བངྒ་ལ་དེ་ཤི་གཉིས་ཆགས་ཀྱི་ཡོད་པ་རེད།
རྒྱ་ནག་གིས་རྟ་མཆོག་ཁ་འབབ་གཙང་པོའི་ཐོག་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་རྒྱུའི་ལས་འཆར་དེས་གཙང་ཆུ་རྒྱུག་ཁུལ་རྒྱ་གར་གྱི་ས་ཁུལ་ཁག་ནང་ཞིང་ལས་དང་འཐུང་ཆུ་བཅས་ལ་ཁོར་ཡུག་དང་འབྲེལ་བའི་གནོད་ཚབས་ཆེན་པོ་ཡོང་རྒྱུ་ཡིན་པར་རྒྱ་གར་ཡུལ་མི་ཚོས་ངོ་རྒོལ་སྐྱོན་བརྗོད་གནང་གི་ཡོད་པ་རེད།
མི་མང་གི་གོ་རྟོགས་སྤེལ་མཁན་ཚོགས་པའི་ཚོགས་མི་ཤ་ཧིརྡ་ཇ་ལལ་ཡིས་ཨ་རུ་ན་ཅལ་པར་རྡེཤ་དང་ཨ་སམ་མངའ་སྡེ་བཅས་ཀྱི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ནས་རྒྱ་གར་དབུས་གཞུང་ལ་རྟ་མཆོག་ཁ་འབབ་གཙང་པོའི་ཐོག་རྒྱ་ནག་གིས་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞིར་དེར་འགོག་བསྡོམས་གནང་དགོས་རྒྱུའི་འབོད་སྐུལ་ཞུས་ཡོད་ནའང༌། རྒྱ་གར་གཞུང་ཕྱོགས་ནས་ད་བར་གནད་དོན་དེའི་ཐད་གང་ཡང་གནང་མེད་པ་རེད་ཅེས་སྐྱོན་བརྗོད་གནང་འདུག།
རྒྱ་ནག་གིས་རྟ་མཆོག་ཁ་འབབ་གཙང་པོའི་ཐོག་ཆུ་ཤུགས་གློག་ཁང་གསར་རྒྱག་བྱས་ཚེ། རྒྱ་གཞུང་གིས་རྒྱ་གར་དང་བངྒ་ལ་དེ་ཤི་གཉིས་ནང་རྒྱུག་བཞིན་པའི་གཙང་ཆུའི་ཐོག་བདག་དབང་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་གཞུང་འཛིན་འགོ་ཁྲིད་ཚོས་གཙང་ཆུའི་གནད་དོན་དང་འབྲེལ་ནས་རྒྱ་གར་དང་བངྒ་ལ་དེ་ཤི་གཞུང་ཐོག་ཆབ་སྲིད་ཀྱི་གནོན་ཤུགས་འདྲ་མིན་སྤྲོད་སྲིད་རྒྱུའི་ཉེན་ཁ་ཡོད་པར་རྒྱ་གར་མི་མང་གིས་བློ་འཚབ་ཆེན་པོ་གནང་གི་ཡོད་པ་རེད།