རྒྱ་ནག་ཉེན་རྟོག་པས་ལིའུ་ཤའོ་ཕུའུ་ཡི་རྒྱབ་སྐྱོར་བ་འཛིན་བཟུང༌།
2010.10.09
༄༅༎འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་རྗེས་ལིའུ་ཤའོ་ཕུའུ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་གཟའ་པ་སངས་ཀྱི་དགོངས་དྲོ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་གྲོང་ཁྱེར་ཧྲང་ཧད་སོགས་གྲོང་ཁྱེར་ཁག་ཁ་ཤས་ནང་ལིའུ་ཤའོ་ཕུའུ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་མཉམ་འཛོམས་ཀྱིས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུས་པའི་སྐབས་རྒྱ་ནག་ཉེན་རྟོག་མི་སྣས་འདུ་འཛོམས་བྱེད་ས་ནས་མི་ཁག་ཅིག་འཛིན་བཟུང་དོ་དམ་བྱས་ཡོད་པའི་སྐོར་ཧོང་ཀོང་གི་ཚགས་ཤོག་ཐོག་གནས་ཚུལ་བཀོད་ཡོད་པ་རེད་
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཁྲིམས་རྩོད་པ་དང་པེའོ་ཡིས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་དོན་ལྟར་ན་ ཁ་ས་དགོངས་དྲོ་རྟེན་འབྲེལ་བྱེད་མཁན་གྱི་མི་ཁག་ཅིག་རྒྱ་ནག་ཉེན་རྟོག་པས་བཙན་ཁྲིད་བྱས་པ་དང་ རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་དང་ དེའི་ཆེད་འདུ་འཛོམས་སོགས་བྱ་བཅུག་གི་མེད་པ་དང་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེས་རྒྱ་ནག་གཞུང་ལ་རྙོག་དྲ་ཆེན་པོ་ཞིག་བཟོས་ཡོད་ཅིང་ རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་ཚོས་གནས་ཚུལ་དེ་ཤེས་རྟོགས་མི་ཡོང་བའི་འགོག་ཐབས་བྱེད་ཀྱི་ཡོད་པ་དང་ རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་དེའི་སྐོར་གྱི་གནས་ཚུལ་གཅིག་ཀྱང་སྤེལ་མིན་འདུག་ཅེས་གསུངས་འདུག
རྒྱ་ནག་གཞུང་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ལིའུ་ཤའོ་ཕུའུ་ལ་ད་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་སྤྲད་པར་ཁ་རྡུང་རྒོལ་ལན་ཤུགས་ཆེ་སློག་པ་དང་ཆབས་ཅིག་རྒྱ་ནག་མི་མང་ཉིན་རེའི་ཚགས་ཤོག་གི་རྒྱལ་སྤྱིའི་དུས་བབ་ཞེས་པའི་དབྱིན་ཡིག་ཚགས་ཤོག་གི་གླེང་བརྗོད་ནང་ ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་ནས་རྒྱ་ནག་གི་ཁྲིམས་ལུགས་དང་བརྒལ་ནས་བཙོན་འཇུག་བྱེད་བཞིན་པའི་བཙོན་པ་ཞིག་ལ་ནོར་ཝེ་ཞི་བདེའི་གཟེངས་རྟགས་སྤྲད་དེ་ རྒྱ་ནག་གཞུང་ལ་ཁ་གཏད་བྱེད་ཀྱི་ཡོད་ལུགས་སོགས་སྐྱོན་བརྗོད་ཀྱི་ལན་འདེབས་སྤེལ་ཡོད་པ་ལས་ དེ་མིན་གྱི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དང་དྲ་རྒྱ་ཚང་མའི་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་སྐོར་འཚོལ་སྐབས་ལིའུ་ཤའོ་ཕུའུ་མིང་རྒྱབ་པ་ཡོངས་རྫོགས་ནག་པོ་བྱས་ནས་གནས་ཚུལ་གང་ཡང་མཐོང་རྒྱུ་མེད་པ་བཟོས་ཡོད་པ་མ་ཟད་ རྒྱ་ནག་གི་ས་ཁུལ་ཁག་ཅིག་ནང་མཐོང་ཐུབ་པའི་ཨ་རིའི་སི་ཨེན་ཨེན་དང་དེ་བཞིན་ཕྱི་རྒྱལ་གྱི་TV5ཞེས་པའི་བརྒྱུད་ལམ་ཡང་ཚང་མ་བཀག་ནས་ལིའུ་ཞའོ་ཕོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་སྐོར་མཐོང་རྒྱུ་མེད་པ་བཟོས་ཡོད་འདུག།