ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལྷན་ཚོཌ།

ནོ་སྦེལ་ཞི་བདེའི་གཟེངས་བསྟོད་ཀྱི་བྱ་དགའ་བཞེས་མྱོང་མཁན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་དེ་ཉི་ཧོང་དུ་དབུ་བཙུགས་གནང་ཡོད་འདུག

2010.11.12

༄༅༎ནོ་སྦེལ་ཞི་བདེའི་གཟེངས་བསྟོད་ཀྱི་བྱ་དགའ་བཞེས་མྱོང་མཁན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་དེ་འདི་ཚེས་༡༢ཉིན་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་ནང་དབུ་འཛུགས་གནང་ཡོད་པའི་ནང་། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་ལྷན་བཞུགས་གནང་བཞིན་ཡོད་འདུག་པ་དང༌། ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་རྣམ་པས། འཛམ་གླིང་ནང་རྡུལ་ཕྲན་གྱི་གོ་མཚོན་མེད་པ་བཟོ་དགོས་པ་དང༌། དེ་བཞིན་རྒྱ་ནག་གཞུང་གིས་འདི་ལོའི་ནོ་སྦེལ་ཞི་བདེའི་བྱ་དགའ་བཞེས་མཁན་སྐུ་ཞབས་ལིའུ་ཤའོ་ཕུའུ་བཙོན་ཁང་ནས་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་འདུག དེ་ཡང་ནོ་སྦེལ་ཞི་བདེའི་དེད་དཔོན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་དེ་བཞིན་ཐོག་མར་ཕྱི་ལོ་༡༩༩༩ལོར་སྐོང་འཚོགས་གནང་སྟེ། ད་བར་ལྷན་ཚོགས་ཐེངས་བཅུ་སྐྱང་གནང་མཛད་ཡོད་པ་དང༌། ད་ལྟ་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་ནང་འདི་ཚེས་༡༢ནས་༡༤བར་སྐྱོང་བཞིན་པ་དེ་ཐེངས་བཅུ་གཅིག་པ་དེ་ཆགས་ཀྱི་ཡོད་ཅིང༌། དེ་ཡང་གྲོང་ཁྱེར་ཧི་རོ་ཤི་མ་ནི་དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སྟེ་ཕྱི་ལོ་༡༩༤༥འི་ལོར་ཨ་རིའི་ཕྱོགས་ནས་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་ཐོག་མར་གཏོང་ས་དེ་ཆགས་ཀྱི་ཡོད་སྟབས། ད་ལམ་ནོ་སྦེལ་ཞི་བདེའི་བྱ་དགའ་བཞེས་མྱོང་མཁན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་ཐེངས་བཅུ་གཅིག་པ་གྲོང་ཁྱེར་དེའི་ནང་སྐོང་འཚོགས་གནང་བ་ཞིག་ཡིན་པ་དང༌། ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་གྲོང་ཁྱེར་སྤྱི་ཁྱབ་དང༌། དེ་སྔ་རྡུལ་ཕྲན་མཚོན་ཆའི་འོག་འདས་གྲོངས་སུ་ཕྱིན་པའི་རྗེས་ཤུལ་ནང་མི་ཁག་ཅིག་ དེ་བཞིན་ནོ་སྦེལ་ཞི་བདེའི་དེད་དཔོན་རྣམ་པའི་གསུང་བཤད་གནང་བའི་ནང་། དེ་སྔ་གྲོང་ཁྱེར་དེའི་ཐོག་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་བཏང་བའི་གོད་ཆགས་ཇི་བྱུང་དང༌། མཚོན་ཆ་དེའི་འཛམ་གླིང་སྤྱི་ལ་ཉེན་ཁ་ཇི་ཡོད་སོགས་ཀྱི་སྐོར་འགྲེལ་བརྗོད་དང་སྦྲགས། ཉེན་ཁ་དེ་ལས་སྐྱོབ་ཐབས་སུ། ད་ཆ་འཛམ་གླིང་ནང་ཁྱོན་སྡོམ་རྡུལ་ཕྲན་མཚོན་ཆ་ཉིས་ཁྲི་གསུམ་སྟོང་ཙམ་ཡོད་པ་རྣམས་རིམ་པའི་མེད་པ་བཟོ་དགོས་པའི་འབོད་སྐུལ་གནང་ཡོད་འདུག

གནས་ཚུལ་ནང་གསལ་བར་བྱས་ན། ད་ལྟ་འཚོགས་བཞིན་པའི་ནོ་སྦེལ་ཞི་བདེའི་བྱ་དགའ་བཞེས་མཁན་རྣམ་པའི་ལྷན་ཚོགས་དེའི་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་ནོ་སྦེལ་ཞི་བདེའི་དེད་དཔོན་དྲུག་དང༌། རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁང་དང༌། རྒྱལ་སྤྱིའི་ངལ་རྩོལ་ལས་ཁང༌། རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་ལས་ཁང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་རྟོགས་ཞིབ་ལས་ཁང༌། རྒྱལ་སྤྱིའི་རྒྱ་དྲམ་དམར་པོ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་། རྒྱལ་མཚམས་མེད་པའི་སྨན་པའི་སྒྲིག་འཛུགས་བཅས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་མཉམ་ཞུགས་གནང་བཞིན་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎