ཨ་རིའི་སྲིད་འཛིན་གྱིས་༸གོང་ས་མཆོག་དང་མཇལ་འཆར་མེད་པ།
2009.10.03
༄༅༎ཨ་མི་རི་ཀའི་ཉིན་རེའི་གསར་ཤོག་ལྦ་ཤིང་ཀྲོན་གྱི་ཕོ་ཉ་ཞེས་པའི་ནང་གསེས་ཆོས་དང་འབྲེལ་བའི་སྡེ་ཚན་ནང་གསར་འགོད་པ་མཱི་ཤེལ་སྦུཨར་སི་ཀྲིན་གྱིས་ཁེ་ས་སྤེལ་བའི་གནས་ཚུལ་ནང་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གིས་བདུན་ཕྲག་འདིའི་ནང་ཨ་མི་རི་ཀའི་རྒྱལ་སར་ཆིབས་བསྒྱུར་བསྐྱང་སྐབས་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་སྲིད་འཛིན་གྱི་ལས་ཁུངས་སུ་ཕེབས་བསུ་ཞུ་རྒྱུ་མིན་པ་ནི་༡༩༩༡ལོ་ནས་བཟུང་ད་རེས་ཐོག་མར་ཡིན་པར་འགྱུར་རྒྱུ་ཡིན་པ་རེད། ཡིན་ནའང་སྲིད་འཛིན་མཆོག་གིས་ཟླ་བ་རྗེས་མའི་ནང་རྒྱ་ནག་ཏུ་གཞུང་འབྲེལ་གཟིགས་བསྐོར་གནང་བའི་རྗེས་སུ་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་སྐོར་སྲིད་འཛིན་མཆོག་གི་མཛད་གཙོ་རྣམ་པ་ཚོས་བཟང་ཕྱོགས་ཀྱི་བཞིན་རས་འགྲེམས་སྟོན་གནང་བཞིན་པ་རེད་ཅེས་བསམ་ཚུལ་སྤེལ་ཡོད་པ་རེད། བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་ཕྲག་འདིའི་གཟའ་ཟླ་བ་ནས་སྤེན་པ་བར་ཨ་མི་རི་ཀའི་རྒྱལ་སར་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུ་ཐུགས་གཏན་འཁེལ་བ་ལྟར་བཞུགས་རྒྱུན་དེའི་རིང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་གཙོས་པས་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་མི་རྣམ་པ་ཚོ་དང་ལྷན་མཇལ་གནང་རྒྱུ་དང་ཨ་མི་རི་ཀའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་གཙུག་ལག་སློབ་གྲར་མང་ཚོགས་ལ་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་བོད་ཀྱི་བདེན་པའི་འཐབ་རྩོད་ཐད་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་གི་མཁས་དབང་དང་རྩོམ་པ་པོ་རྣམས་དང་མཇལ་མོལ་གནང་རྒྱུ་དང་དེ་བཞིན་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དང་ས་སྦྲེས་མངའ་སྡེ་ལྦར་ཇི་ནི་ཡ་དང་མཱེ་རི་ལེན་ཌི་ནང་གནས་བཞིན་པའི་བོད་མི་ཚོར་མ་ནོར་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་པ་རེད༎