ས་འགུལ་ལྟེ་བ་དང་ཐག་ཉེ་བའི་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ས་སོམ་གྱི་འགུལ་ཚད་ཤུགས་ཆེན་བྱུང་ཡང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་རེད་འདུག

2023.12.19
ས་འགུལ་ལྟེ་བ་དང་ཐག་ཉེ་བའི་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ས་སོམ་གྱི་འགུལ་ཚད་ཤུགས་ཆེན་བྱུང་ཡང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་རེད་འདུག ས་ཡོམ་གྱི་གོད་ཆག་བྱུང་ཡུལ་ཁག་གི་སྡོད་ཁང་གཏོར་བཤིག་བཏང་ཡོད་པ། ༢༠༢༣།༡༢།༡༨ ཉིན།
བོད་འབྱོར།

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༨ ཉིན་རྒྱ་ནག་ཀན་སུའུ་ཞིང་ཆེན་ཀ་ཆུ་ཧེ་རིགས་རང་སྐྱོང་ཁུལ་ཇི་ཧྲི་ཧྲན་རྫོང་ངམ་བོད་མིང་ལ་དམག་སྒར་ཐང་དུ་ས་འགུལ་ཚད་རིམ་ ༦.༢ ཅན་ཞིག་བརྒྱབ་སྟེ། དེ་རིང་ཕྱི་ཚེས་ ༡༩ ཉིན་ཕྱི་དྲོ་བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན་ཀན་སུའུ་དང་མཚོ་སྔོན་གཉིས་ནས་མི་གྲངས་ ༡༢༧ རྐྱེན་འདས་དང། མི་གྲངས་ ༧༠༠ ལྷག་ལ་རྨས་སྐྱོན་དང་། མི་གྲངས་ ༢༠ ས་ཉིལ་ཁྲོད་བོར་བརླགས་ཤོར་བ་དང་། ཁང་པ་བརྡིབས་པ་དང་ལམ་དང་གློག་ཆད་པ་སོགས་རྒྱུ་ནོར་གྱོང་གུད་ཤུགས་ཆེར་བྱུང་ཡོད་པ་བཀོད་འདུག་ལ། ས་ཡོམ་གྱི་འགུལ་ཚད་ཉེ་འཁོར་བོད་ཀྱི་ས་ཁུལ་མང་ཆེ་བ་ནས་ཤེས་ཚོར་བྱུང་ཡོད་ན་ཡང་། ད་ལྟའི་ཆར་བོད་པ་ཚོར་ཤི་རྨས་སོགས་ཀྱི་གནས་ཚུལ་གོ་ཐོས་གང་ཡང་མེད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་ས་འགུལ་བྱུང་ས་དེ་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ས་མཚམས་དུ་བརྒྱབ་ཡོད་པ་དང་། མཚོ་སྔོན་ཕྱོགས་ནས་ས་འགུལ་ལྟེ་བ་དང་ཁ་ཐག་ཉེ་ཤོས་ཀྱི་བོད་ཀྱི་ས་ཆ་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་རྡོ་སྦིས་དང་། ཀན་སུའུ་ཕྱོགས་ནས་བསང་ཆུ་རྫོང་རྒན་གྱ་དང་བང་གུར་ཐང་། མང་ཐང་། དེ་བཞིན་གཙོས་གྲོང་ཁྱེར་མཛོད་དགེ་སྨད་དང་། གཞན་ཡང་རེབ་གོང་རྫོང་། ཟི་ལིང་གྲོང་ཁྱེར་སོགས་ནས་ས་ཡོམ་འགུལ་ཚད་ཤེས་རྟོགས་བྱུང་ཡོད་པ་དང་། གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། རྡོ་སྤིས་དང་ཁ་ཐག་ཉེ་བའི་བིས་མདོ་ཕྱོགས་ནས་རྒྱ་ཁ་ཆེ་རེ་གཉིས་རྐྱེན་འདས་སུ་ཕྱིན་ཡད་པ་ལས། རྡོ་སྤིས་ནས་བོད་པ་ཚོའི་སྡོད་ཁང་དང་གྱང་ར་ལ་གཏོར་སྐྱོན་ཙམ་ལས་མི་སྣ་ལ་ཤི་རྨས་བྱུང་མེད་སྐོར་འགྲེལ་བརྗོད་གནང་བྱུང་ལ། ཡང་འབྲེལ་ཡོད་ཅིག་ནས་བསང་ཆུ་དང་རེབ་གོང་ཕྱོགས་ནས་ས་ཡོམ་འགུལ་ཚད་ཤུགས་ཆེར་ཤེས་རྟོགས་བྱུང་བ་མ་ཟད། དུས་ཡུན་རིང་བོར་འགུལ་བྱུང་ལ་མི་མང་ཁྲོམ་སྲང་དུ་འདུས་པ་དང་། སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་ཡང་ཉལ་ཐུར་དང་མཉམ་དུ་ཕྱི་ལ་འབུད་དགོས་བྱུང་ཡོད་ན་ཡང་། ཤི་རྨས་ཀྱི་དོན་རྐྱེན་བྱུང་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ས་ཡོམ་ཁྲོད་ཀན་སུའུ་ཕྱོགས་ནས་མི་གྲངས་ ༡༠༥ རྐྱེན་འདས་དང་། མི་གྲངས་ ༣༩༧ ལ་རྨས་སྐྱོན་བྱུང་བ་ལས་མི་ ༡༦ རྨས་སྐྱོན་ཉེན་ཚབ་ཆེན་པོ་བྱུང་ཡོད་པ་དང་། ཁྱོན་སྡོད་ཁང་ ༤༧༨༢ ལ་གཏོར་སྐྱོན་ཐེབས་ཡོད་པ་དང་། མཚོ་སྔོན་ཕྱོགས་ནས་མི་གྲངས་ ༡༣ རྐྱེན་འདས་དང་མི་ ༡༨༢ ལ་རྨས་བྱུང་ཡོད་སྐོར་བཀོད་འདུག་ལ། རྒྱ་ནག་གཞུང་འབྲེལ་མགོ་ཁྲིད་ཞི་ཅིན་ཕིན་གཙོས་ཞིང་ཆེན་དང་རྫོང་རིམ་པའི་མགོ་ཁྲོད་ཚོས་ས་འགུལ་བྱུང་ཁུལ་གྱི་མི་མང་གི་བདེ་འཇགས་དང་། དགོས་མཁོ་ཅ་དངོས་དུས་ལྟར་མཁོ་གཏོང་དགོས་སྐོར་སོགས་སྤེལ་བཞིན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ད་ལྟའི་བར་ས་འགུལ་བྱུང་ཁུལ་དང་གནོན་ཐེབས་ས་ཁུལ་ཁག་ཏུ་མི་གྲངས་ ༡༠༦༠༠ རོགས་སྐོར་མི་སྣ་ཆེད་གཏོང་དང་། བཅའ་སྡོད་སློབ་གྲྭ་ཁག་ ༣༧ གྱི་སློབ་མ་དང་དགེ་རྒན་ ༡༧༨༧༠ ལྷག་བདེ་འཇགས་ས་གནས་སུ་གནས་སྤོར་ཡོད་པ་སོགས་བཀོད་འདུག་ལ།

ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ནས་ས་འགུལ་ཁྲོད་གློག་ཆད་པ་དང་ལམ་དང་ཟམ་པ་ཆད་པ་སོགས་བསྐྱར་གསོ་དང་། མི་སྣ་འཚོལ་ཞིབ་དང་ཉེན་སྐྱོབ་ཀྱི་ལས་དོན་མུ་མཐུད་གཉེར་བཞིན་པ་བཀོད་འདུག་ལ། དེ་འབྲེལ་ས་འགུལ་གྱི་བརྙན་སོགས་དྲ་ལམ་ཁག་ཏུ་ཁྱབ་བཞིན་པའི་ཁྲོད་གྲོང་སྡེ་གཅིག་གི་སྡོད་ཁང་ཚང་མ་རྩ་ནས་གཏོར་སྐྱོན་བཏང་ཡོད་པ་དང་། མི་ལ་རྨས་སྐྱོན་བྱུང་ཡོད་པ། རི་དང་ལམ་ཉིལ་བ་སོགས་མཐོང་རྒྱུ་འདུག་ལ། རྒྱ་ནག་གཞུང་འབྲེལ་ངོས་ནས་ས་འགུལ་དེ་ལྟ་བུ་འདས་པའི་ལོ་བཅུ་ཕྲག་གཅིག་ནང་བྱུང་མ་མྱོང་བའི་གོད་ཆག་ཅིག་ཡིན་པས། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཉེན་སྐྱོབ་རྒུད་སེལ་བྱེད་བཞིན་ཡོད་པ་བཀོད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།   
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎