དྲག་གནོན་མེད་ན་རང་ལུས་མེ་སྲེག་མཚམས་འཇོག་བྱ་སྲིད།
2012.10.27
༄༅༎ཁ་སང་ཕྱི་ཚེས་༢༦་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨི་ཊ་ལིའི་བྱང་ཕྱོགས་ ཊོ་རི་ནོ་གི་གྲོང་ཁྱེར་པ་ཡེ་མོན་ཊེ་ས་གནས་གྲོས་ཚོགས་ནས། མགྲོན་འབོད་ཞུས་པ་ལྟར་ཕེབས་སྐབས། སྲིད་སྐྱོང་མཆོག་ལ་གུས་འདུད་མཚོན་ཆེད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་ཕེབས་བསུ་ཞུས་འདུག། དེ་ནས་སྲིད་སྐྱོང་མཆོག་གིས། ཊོ་རི་ནོ་ས་གནས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཆེད་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང༌། ངས་ཁྱེད་རྣམ་པར་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཞིག་ཡོད་པ་ནི། ཁྱེད་རྣམ་པས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ལམ་ནས་སེལ་དགོས་པའི་རེ་འདུན་འདོན་རོགས་ཞུ་རྒྱུ་ཡིན་ཞེས་དང༌། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེའི་འོག དེང་སང་བོད་ནང་གི་བོད་མི་ཚོར་ངོ་རྒོལ་རྔམ་སྟོན་བྱ་རྒྱུའི་ཐོབ་ཐང་གང་ཡང་མེད་སྟབས། ཐབས་ཟད་འུ་ཐུག་གིས་བོད་མི་ཚོས་མཐར་རང་ལུས་མེར་སྲེག་གཏོང་དགོས་ཐུག་གི་ཡོད་པ་དང༌། གལ་ཏེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་མཚམས་འཇོག་བྱེད་ཚེ་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་དོན་གང་ཡང་མེད་ཅེས་གསུངས་འདུག
ད་དུང་ས་གནས་ཁྲིམས་རྩོད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་སྲིད་སྐྱོང་མཆོག་གིས་མང་ཚོགས་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཏམ་བཤད་གནང་ཡོད་པ་དང༌། དེ་ནས་ས་གནས་གྲོས་ཚོགས་ལྷན་ཁང་གི་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་གྱི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇིམ་པེ་རོ་ལིའོ་ལྷན་ཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་ཚོགས་ཡོད་འདུག
སྲིད་སྐྱོང་མཆོག་གིས་ཟླ་བ་འདིའི་ནང་ཨ་རི་དང་ཨིན་ལན། ཅིག་སྤྱི་མཐུན་རྒྱལ་ཁབ། ཨི་ཊི་ལི་བཅས་ཀྱི་ནང་མཛད་རིམ་མང་པོ་བསྐྱངས་ཡོད་པ་དང་། སྤྱི་ཚེས་༢༧ ཉིན་རྒྱ་གར་དུ་ཕེབས་ཡོད་འདུག།