བོད་རྒྱའི་འབྲེལ་མོལ་ཡར་རྒྱས་མ་ཕྱིན་པའི་རྒྱུ་རྐྱེན།
2011.07.01
༄༅༎ཡོ་རོབ་བོད་མིའི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། བོད་རྒྱ་འབྲེལ་མོལ་ལ་ཡར་རྒྱས་མ་ཕྱིན་པ་དེ་ནི་རྒྱ་ནག་ཕྱོགས་ནས་དོགས་པ་དང་རྣམ་རྟོག་བྱས་དྲག་པ་ལས་བྱུང་བར་ངོས་འཛིན་གནང་གི་ཡོད་པ་རེད།
དེ་ཡང་ཁ་ས་ཕྱི་ཟླ་དྲུག་པའི་ཚེས་༣༠ ཉིན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་རྒྱའི་འབྲེལ་མོལ་གྱི་གནས་སྟངས་སྐོར་ངོ་སྤྲོད་གནང་བའི་སྐབས། ཁོང་གི་ངོས་ནས། ད་ལྟའི་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་གྱི་ལམ་ཀ་དེའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་མི་ཐུབ་པ་དང༌། དེ་བཞིན་བོད་རྒྱ་གཉིས་ཀྱི་ལངས་ཕྱོགས་མི་མཐུན་པའི་འགལ་ཟླ་ཆུང་དུ་འགྲོ་རྒྱུར་གོམ་པ་མདུན་སྤོས་མ་ཐུབ་པའི་གནས་སྟངས་མང་པོ་ཞིག་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང༌། དེའི་ནང་ནས་གནད་དོན་གཙོ་བོ་དེ་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཆོད་སེམས་དང་སྙིང་སྟོབས་ཀྱི་འདེངས་ཀྱི་མེད་པ་དང༌། དེ་དག་མེད་པའི་རྐྱེན་གྱིས་དོགས་པ་དང་རྣམ་རྟོག་མང་པོ་ཞིག་ཡོང་གི་ཡོད་པ་རེད་ཅེས་དང༌། ཡང་རྒྱ་ནག་གཞུང་ཕྱོགས་ནས་ངོས་ལེན་བྱས་དང་མི་བྱེད་ཀྱང་དེ་སྔ་རྒྱ་ནག་གུང་ཁྲན་ཏང་གིས་བོད་ནང་བཅིངས་འགྲོལ་གཏོང་བར་ཡོང་བ་ཡིན་ཟེར་ཁ་གཡར་ནས་དོན་དངོས་ཐོག་དྲག་པོའི་དམག་དཔུང་གིས་བོད་བཙན་འཛུལ་བྱས་པ་གསལ་པོ་རེད། སྤྱི་ནོར་༧གོང་ས་སྐྱབས་ཆེན་པོ་མཆོག་གིས། བོད་རང་བཙན་རྩོད་ལེན་གནང་གི་མེད་པ་དང་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་མཉམ་གནས་བྱ་རྒྱུའི་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐག་གཅོད་གཙང་མ་གནང་བ་ཡིན་ཞེས་ཡང་སེ་བཀའ་གསལ་པོ་ཕེབས་ཀྱི་ཡོད་ཀྱང༌། ད་ལྟ་ཡིན་ནའང་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་དོགས་པ་དང་རྣམ་རྟོག་ཆེ་དྲག་པའི་རྐྱེན་གྱིས་རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་ཡིད་ཆེས་རྩ་ནས་བྱེད་ཀྱི་མེད་པ་རེད། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་ལ་ཡར་རྒྱས་འགྲོ་བ་མ་ཐུབ་པའི་རྒྱུ་རྐྱེན་ནི། རྒྱ་ནག་གུང་ཁྲན་ཏང་གིས་བཅིངས་འགྲོལ་ལ་ཁ་གཡར་ཏེ་བོད་ལ་བཙན་འཛུལ་བྱས་པ་དེ་ཡིས་རྒྱ་ནག་གཞུང་ལ་རང་གནོངས་ཤིག་ཡོད་པར་བརྟེན་། བོད་མིའི་ངོས་ནས་ལྷག་བསམ་རྣམ་དག་གིས་དགོས་འདུན་གང་ཞིག་བཏོན་ཡང་དོགས་པ་དང་རྣམ་རྟོག་བྱེད་པའི་ཁར། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོའི་བསམ་བློ་གུ་དོགས་དྲག་པའི་རྐྱེན་གྱིས་བྱུང་བ་ཡིན་པའི་སྐོར་གསུང་ཡོད་པ་རེད།