སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཆེད་ཞིབ་འཇུག་གནང་རོགས་ཟེར།
2016.07.28
རྒྱ་གར་དུ་བྲོས་བྱོལ་ལ་འབྱོར་མ་ཐག་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས། རིན་པོ་ཆེ་རྒྱ་ནག་གཞུང་གི་བཙོན་ཁང་ནང་བཀྲོངས་པ་ཡིན་པས་དེའི་སྐོར་ལ་གནད་དོན་གཉིས་དང་རེ་བ་གཅིག་བསྒྲགས་ནས་རྒྱལ་སྤྱིའི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས་ཞེས་འབོད་སྐུལ་ཞུས་འདུག
དེ་ཡང་ཉེ་ཆར་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་འབྱོར་མ་ཐག་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས། བཞུགས་སྒར་རྡ་རམ་ས་ལ་རུ་ཟླ་འདིའི་ཚེས་༢༨་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་། རིན་པོ་ཆེ་གྲོངས་རྐྱེན་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་ཅིང་། སྐབས་དེར་ཁོང་མོས་ཁོང་མོ་རྒྱ་གར་དུ་ཡོང་དགོས་དོན་དེ་དོན་ཚན་གཉིས་དང་འབོད་སྐུལ་གཅིག་ཞུ་ཆེད་ཡོང་བ་ཡིན་ལ། དེ་ཡང་དོན་ཚན་གཉིས་པོའི་གཅིག་ནི་རིན་པོ་ཆེ་སྐུ་མ་གྲོངས་སྔོན་རྒྱ་ནག་གཞུང་གིས་ངའི་ཨ་མ་དང་ཨ་ནེ་ཐུག་འཕྲད་བྱེད་དུ་ཤོག་ཤོད་ཀྱང་ཐུག་བཅུག་ཡོད་མ་རེད། རྗེས་སུ་རིན་པོ་ཆེ་སྐུ་གྲོངས་ཚར་འདུག་ཟེར་དུས་སྐུ་གདུང་གདན་འདྲེན་ཞུ་ཕྱོགས་ལ་བཀག་བསྡོམས་བྱས་ནས་ང་ཚོ་ཐབས་ཤེས་སྣ་ཚོགས་བྱས་ཏེ་རིན་པོ་ཆེ་སྐུ་གྲོངས་སའི་བཙོན་ཁང་སྒོ་ན་སླེབས་ཐུབ་སྟེ་ཨ་མས་མགོ་རྩིག་པར་བརྡབ་པ་དང་། ང་བཙོན་ཁང་སྒོར་དཔྱངས་པ་ཡིན། སྐབས་དེར་བཙོན་ཁང་སྒོ་སྲུང་དེ་ཚོས་བཀག་སོང་ལ། ཁོ་ཚོས་གཞི་ནས་སྐུ་གདུང་ལ་ཞབས་ཞུ་བྱས་བཅུག་པ་དང་། སྐུ་གདུང་ལ་ཞབས་ཞུ་བྱེད་མཁན་ཚོས་སྐུ་གདུང་གི་སེན་མོ་ནག་པོ་དང་། མཆུ་ནག་པོ་ཆགས་ཡོད་པ་མཐོང་ཡོད་པ་རེད་ལ། ང་རྗེས་སུ་སྐུ་གདུང་མཇལ་དུ་གཏོང་སྐབས་མཆུ་ནག་པོ་ཆགས་ཡོད་པ་མཐོང་སོང་ཞེས་གསུངས་འདུག
དེ་ནས་དོན་ཚན་གཉིས་པ་རིན་པོ་ཆེའི་སྐུ་གདུང་གདན་འདྲེན་ཞུ་མི་བཅུག་སྐོར་ཁོང་མོས་སྐུ་གདུང་ཡར་ཕ་ཡུལ་ལ་འཁྱེར་མ་བཅུག་པ་ཁར། ཨ་མ་ངེག་གཉིས་ཀ་འཇུས་ཏེ་རིན་པོ་ཆེའི་སེན་མོ་ནག་པོ་ཆགས་ཡོད་སྐོར་སུ་ལའང་བཤད་མི་ཆོག ཕྱིའི་རྒྱལ་ཁབ་ལ་ཁོང་ལ་དུག་སྤྲད་ནས་བཀྲོངས་པ་རེད་ཞེས་བཤད་མི་ཆོག་ཅེས་སོགས་འཁོད་པའི་ཡིག་ཆ་སྟེང་ས་རྟགས་བརྒྱབ་དགོས་པ་བཙན་བཀའ་བཏང་ཀྱང་། ས་རྟགས་བརྒྱབ་མེད་ཅེས་ངོ་སྤྲོད་བྱས་འདུག
དེར་བརྟེན་ཁོང་མོས་རེ་བ་གཅིག་བཏོན་རྒྱུ་དེ་ནི་རིན་པོ་ཆེའི་གྲོངས་རྐྱེན་སྐོར་ལ་རྒྱལ་སྤྱིའིི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས་ཞེས་འབོད་སྐུལ་གནང་འདུག
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྤུན་མཆེད་དགེ་བཤེས་བློ་བཟང་ཡོན་ཏན་གྱིས་ཀྱང་ཁོང་བཀྲོངས་རྐྱེན་ཐད་ཞུ་གཏུག་མུ་མཐུད་བྱེད་རྒྱུ་ཡིན་པ་དང་། དེ་ནི་སྔོན་མ་རྒྱ་ནག་གི་བཙན་དབང་འོག་པཎ་ཆེན་རིན་པོ་ཆེ་དང་། མཁན་པོ་འཇིགས་མེད་ཕུན་ཚོགས་སོགས་ཀྱི་གནས་སྟངས་ལྟ་བུར་མི་ཡོང་ཆེད་རྒྱལ་སྤྱིའི་ཐོག་སྤྲུལ་སྐུ་དཔེ་མཚོན་དུ་བཞག་ནས་ལས་འགུལ་སྤེལ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་གསུངས་ཡོད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི་༢༠༠༢ ལོའི་ཕྱི་ཟླ་༡༡ ཚེས་༢༩ ཉིན་རྒྱ་ནག་གཞུང་གིས་ཁྲེན་ཏུའུ་གྲོང་ཁྱེར་དུ་འབར་རྫས་སྦར་བའི་ཉེས་མིང་འོག་བཙོན་འཇུག་བྱས་པ་དང་། རྗེས་སུ་ཁྲིམས་ཐོག་ཏུ་ཞུ་གཏུག་དང་། མི་མང་གིས་ཁོང་ལ་མ་ཉེས་ཁག་གཡོག་བྱས་ཡོད་པའི་ངོ་རྒོལ་ཐེངས་མང་བྱས་ཡོད་ནའང་། དམིགས་བསལ་ནག་ཉེས་ར་ཕྲོད་ཀྱི་དཔང་རྟགས་གང་ཡང་མེད་པར། ཁོང་བཙོན་འཇུག་བྱས་ཏེ་༢༠༡༥ ལོའི་ཕྱི་ཟླ་༧ ཚེས་༡༢ དགོང་མོར་སྐུ་གྲོངས་པའི་གནས་ཚུལ་བྱུང་ཡོད་པ་རེད། སྤྲུལ་སྐུ་ཁོང་ནི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་རིམ་པར་གནང་སྟེ་མི་མང་ལ་ཕན་འབྲས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་སླད་དགོན་པ་དང་སློབ་གྲྭ་གསར་བཞེངས་སོགས་ཀྱི་ཕྱག་ལས་མང་པོ་གནང་མཁན་ཞིག་ཡིན་པ་རེད།།
གསར་འགོད་པ་གུ་རུ་ཆོས་སྐྱིད།