རྒྱ་ནག་གཞུང་གིས་རྔ་བ་དང་མཛོད་དགེ་ཕྱོགས་སུ་དུད་ཚང་རེ་རེའི་རྒྱུ་ནོར་གྲངས་ཐོ་རྩིས་ལེན་གྱིས། མ་འོངས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དཀའ་ངལ་འཕྲད་ཚེ་རྒྱུ་ནོར་གཞུང་ལ་རྩིས་སྤྲོད་ཀྱིས་མཉམ་ལས་ཁང་འཛུགས་སྲིད་པའི་འཇིག་སྣང་སྐུལ་བཞིན་ཡོད་པ།
ཕྱི་ལོ་ ༢༠༢༥ ཟླ་ ༣ མགོ་སྟོད་ནས་བཟུང་། རྒྱ་ནག་གཞུང་གིས་རྔ་བ་དང་མཛོད་དགེ་ཕྱོགས་སུ་རོང་འབྲོག་མང་ཚོགས་ཁྱིམ་ཚང་རེ་རེ་བཞིན་ཞིབ་བཤེར་གྱིས། སྲིད་གཞུང་གི་མི་སྣས་དུད་ཚང་རེ་རེར་རྒྱུ་ནོར་ག་ཚོད་ཡོད་པ་སོགས་རྩིས་ལེན་བྱེད་བཞིན་ཡོད་པ་དང་། རྒྱུ་ནོར་རྩིས་ལེན་དུ་ཡོང་མཁན་སྲིད་གཞུང་གི་མི་སྣ་ཚོས་རྒྱུ་མཚན་ག་རེ་ཆེད་ཡིན་སོགས་གསལ་བཤད་གང་ཡང་མེད་པར་གོང་རིམ་གྱི་བཀོད་ཁྱབ་ཡིན་སྐོར་བརྗོད་ནས། ཁྱིམ་ཚང་རེ་རེའི་རྒྱུ་ནོར་ཚད་དང་། འགྲོ་སོང་དང་ཡོང་འབབ་སོགས་ཚང་མ་གཅིག་ཀྱང་མ་ལུས་པར་རྩིས་ལེན་བྱས་སོང་ལ། ས་གནས་ཀྱི་འགོ་ཁྲིད་ཚོས་བཤད་ཚུལ་ལྟར་ན་མ་འོངས་པར་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དཀའ་ངལ་བྱུང་ཚེ། མི་མང་གི་དཔལ་འབྱོར་ཟླ་སྒྲིལ་གྱིས་མཉམ་ལས་ཁང་འཛུགས་སྲིད་ཅེས་བཤད་བཞིན་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གསུམ་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་གིས་མུ་མཐུད་བརྗོད་དོན་ལ། མཛོད་དགེ་ཕྱོགས་ཀྱི་ཡུལ་ཚོ་ཚང་མའི་ནང་ས་གནས་འགོ་ཁྲིད་ཚོས་རྫོང་གི་ལས་བྱེད་རྒྱུ་ནོར་རྩིས་ལེན་དུ་ཡོང་རྒྱུ་ཡིན་པའི་བཀོད་ཁྱབ་དང་འབྲེལ། དེ་མ་ཐག་མགོ་ཚུགས་ཏེ་ཁྱིམ་ཚང་རེ་རེར། ལོ་གཅིག་ལ་ཡོང་བབ་ག་ཚོད་ཡོད། འགྲོ་སོང་ག་ཚོད་ཡོད། སྒོ་ཕྱུགས་ག་ཚོད་ཡོད། རྩྭ་ས་ཆེ་ཆུང་ག་ཚོད་ཡོད། བྱིས་པ་ག་ཚོད་ཡོད། བཟའ་མི་ག་ཚོད་ཡོད། རླངས་འཁོར་ག་ཚོད་ཡོད་སོགས་རེ་རེ་བཞིན་ཐོ་འགོད་བྱེད་ཀྱིན་འདུག་ལ། གློ་བུར་དུ་རྒྱུ་ནོར་ཞིབ་བཤེར་དང་ཐག་གཅོད་གསལ་བཤད་གང་ཡང་མེད་པའི་ལས་དོན་དེས་མི་མང་ཁྲོད་འཇིགས་སྣང་ཡོང་གི་ཡོད་པ་དང་། གོ་ཐོས་ལྟར་ན་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ནས་ཉམ་རྒུད་དུ་ཕྱིན་ཚེ་མི་མང་གི་གནས་བབ་གང་འདྲ་ཞིག་ཡིན་ན་ཡང་། འགྱུར་ལྡོག་དང་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུའི་འཆར་གཞི་ཡོད་པའི་གླེང་སློང་ཡོང་བཞིན་པ་སོགས་འགྲེལ་བརྗོད་གནང་བྱུང་།
ཡང་གོང་ཞུས་འབྲེལ་ཡོད་གཞན་ཞིག་གིས། གནས་སྐབས་དུད་ཚང་རེ་རེའི་རྒྱུ་ནོར་གནས་བབ་ལ་རྒྱུས་ལོན་བྱས་ཏེ། མ་འོངས་པར་ཡོད་ཚད་ཕྱིར་བསྡུ་བྱ་སྲིད་པ་ཡིན་པ་ཞིག་ཡིན་པ་དང་། རྔ་བ་ཕྱོགས་ནས་ཡོང་སྒོ་དང་འགྲོ་སོང་སོགས་བཤད་སྐབས་བདེན་དཔང་མཁོ་སྤྲོད་དགོས་པ་དང་། དེ་ལྟར་ཡིན་པའི་བདེན་དཔང་མེད་ཚེ་སྲིད་གཞུང་གིས་སྤྱི་ཡོངས་ཀྱི་རྒྱུ་ནོར་ལ་རྩིས་ལེན་རྗེས། ཚོད་དཔག་གིས་ཡོང་སྒོ་དང་འགྲོ་སོང་སོགས་ཀྱི་གནས་སྟངས་བཤད་པ་ལས། གསང་བ་དང་མི་ཤེས་སོགས་བཤད་ཚེ་ཉེས་ཆད་ཡོད་སྐོར་བཤད་བརྗོད་དེ་ཐར་ས་གང་ཡང་མེད་སྐོར་དང་། ཡང་འབྲེལ་ཡོད་གཞན་དེས། ད་ལྟའི་ཆར་རྔ་བ་དང་མཛོད་དགེ་ཕྱོགས་ནས་རྒྱུ་ནོར་རྩིས་ལེན་བྱས་ཚར་ཡོད་པ་དང་། བོད་ཀྱི་ས་ཁུལ་ཡོངས་སུ་དེ་ལྟར་བྱེད་བཞིན་ཡོད་མེད་གསལ་ཁ་མེད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནང་བོད་ནང་གི་རོང་འབྲོག་མང་ཚོགས་ཀྱི་ལག་ནས་ས་ཆ་གཞུང་བཞེས་བཙན་འཕྲོག་དང་། བོད་ཀྱི་ས་ཁུལ་གང་སར་རྫོང་དང་ཁུལ། རྒྱལ་ཁབ་རིམ་པའི་སྤྱི་གླིང་ཟེར་བ་ཆེད་འཛུགས་དང་། རོང་འབྲོག་མང་ཚོགས་ཤུགས་ཆེ་གནས་སྤོས་ཀྱིས་བོད་ཀྱི་སྲོལ་རྒྱུན་ལས་ཡོད་པའི་ས་མིང་ཆུ་མིང་བཙན་སྒྱུར་སོགས་ཀྱི་སྲིད་བྱུས་ཤུགས་ཆེ་ལག་བསྟར་བྱེད་བཞིན་ཡོད་པ་རེད་ལ། དཔེར་ན་རྫ་ཆུ་ཁ་དང་མགོ་ལོག་སོགས་སུ་རྩ་ཐོ་ལག་འཁྱེར་ཞེས་པ་ཞིག་ཆེད་དུ་བཟོས་ནས། མི་མང་ལ་རྩ་ས་དེ་དག་གཞུང་གིས་མི་མང་ལ་གཡར་བ་ལས་མི་སྒེར་དང་ཁྱིམ་ཚང་ལ་བདག་མི་ཆོག་སོགས་ཀྱི་ཁྲིམས་བཟོས་པ་རིགས་བྱུང་གི་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།