རྒྱ་ནག་གིས་བོད་མི་གསུམ་ལ་དུས་བཀག་ཁྲིམས་ཐག་བཅད་འདུག
2014.11.05
རྔ་པ་རྫོང་མི་དམངས་ཁྲིམས་ཁང་གིས་རྔ་པ་རྨེའུ་ཡི་བོད་མི་གསུམ་ལ་མི་བསད་པའི་ནག་ཉེས་གཡོགས་ཏེ་ལོ་གཉིས་ནས་གསུམ་གྱི་ཁྲིམས་ཐག་བཅད་ཡོད་འདུག
ཚེས༥ཉིན་དྷ་རམ་ས་ལའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་དང་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། དྲུང་ཆེ་ཟུར་པ་རྨེའུ་དཀོན་རྒྱམ་ལགས་གསུམ་གྱིས། ༢༠༡༤ལོའི་༡༡ཚེས་༣ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་རྔ་པ་རྫོང་མི་དམངས་ཁྲིམས་ཁང་ཟེར་བ་ནས་བོད་མི་གསུམ་ལ་མི་བསད་པའི་ནག་ཉེས་གཡོགས་ཏེ་ཁྲིམས་ཐག་བཅད་ཡོད་ཅིང་། དེ་ནི་རྔ་བ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོ་ལགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་དང་། རྨེའུ་རུ་མའི་རུ་ཆེན་གཉིས་པའི་གོ་ཚེ་ཚང་གི་དཀོན་མེ་ལགས་ལ་ལོ་གསུམ་གྱི་དུས་བཀག་བཙོན་འཇུག རྨེའུ་རུ་མའི་རུ་ཆེན་བཞི་པའི་མར་ལི་ཚང་གི་དགེ་འཕེལ་ལགས་ལ་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཁོང་ཚོའི་ཆབ་སྲིད་དབང་ཆ་འཕྲོག་རྒྱུའི་ཐག་གཅོད་བྱས་ཡོད་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག
དེའི་ཐད་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་ཟུར་པ་རྨེའུ་དཀོན་རྒྱམ་ལགས་ཀྱིས་ཁོ་རང་གི་ཕ་མ་གཅིག་པའི་སྲིང་མོ་སྒྲོལ་མ་མཚོ་ལགས་ལ་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་ཀྱིས་ཁྲིམས་ཐག་ལོ་གསུམ་བཅད་པ་ཡིན་ཚུལ་དང་། དོན་དངོས་༢༠༡༣ལོའི་ཟླ་༡༢ཚེས་༣ ཉིན་རྔ་པ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས། སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་དོགས་གཞིའི་འོག་བཙན་བཟུང་བྱས་ནས་ཟླ་བ་བཅུ་གཅིག་ལ་བཀག་ཉར་འོག་ནས་གཅར་རྡུང་དང་མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་འདུག ཁོ་མོར་ཁྲིམས་ཐག་གཅོད་མཁན་རྣམས་ཀྱིས་མི་བསད་པའི་ནག་ཉེས་ཁས་ལེན་གཙང་མ་བྱས་ན། ཁྲིམས་ཐག་ཇེ་ཉུང་དང་མ་འོངས་པར་འགྲོ་འདུག་སྤྱོད་གསུམ་ཐད་ལ་སྟངས་འཛིན་བྱེད་ཕྱོགས་ཇེ་ལེགས་སུ་གཏོང་ངེས་ཡིན་སྐོར་ཟེར་སྐབས། ཁོ་མོས་ཁྲོམ་རྭ་རང་ནས་སྐད་ཤུགས་མཐོན་པོའི་སྒོ་ནས་ངས་དཀོན་མཆོག་ཚེ་བརྟན་ལགས་ཀྱི་སྐུ་ཕུང་ལ་ལག་པ་འཆང་དུས་སྐུ་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཟིན་འདུག སྐུ་ཕུང་རླངས་འཁོར་ནང་དུ་བཞག་པ་ལས་མི་བསད་པའི་ནག་ཉེས་སོགས་གཞན་གང་ཡང་བྱས་མྱོང་མེད་ལ། སྐབས་དེར་ང་རང་གཅིག་པུ་མ་གཏོགས་གཞན་མི་སུ་ཡང་མེད། ཁྱོད་ཚོས་ང་ལ་ཟླ་བ་མང་པོའི་རིང་དབང་ཤེད་བཙན་པོས་ཁྲིམས་བཤེར་བཤད་པ་ལྟར་འགྱུར་བ་གང་ཡང་མེད་ཅེས་བཤད་ཡོད་མིན་ལ་མ་བལྟོས་བར་ཁྲིམས་ཐག་བཅད་པ་ཡིན་ཚུལ་དང་། ད་སྐབས་མོའི་ཁྱིམ་ཚང་ཤུལ་དུ་བཟའ་ཟླ་དབང་འདུས་ལགས་དང་བུ་མོ་ལོ་ ༡༢ ཡིན་པའི་ཚུལ་ཁྲིམས་སྒྲོལ་མ་གཉིས་ལྷག་ཚུལ་དང་མཉམ་ཁོང་གིས་རྒྱ་གཞུང་གིས་ཁོང་ཚང་གི་ཁྱིམ་ཚང་གཅིག་ལ་བཟོས་པའི་མི་ཐོག་གསུམ་གྱི་རྨ་ཁ་ངོ་སྤྲོད་དང་། ཁྱིམ་ཚང་གཅིག་གི་གནས་བབ་ཀྱིས་ས་ཁུལ་དེ་ལ་བྱུང་བའི་ཡ་ང་བའི་ལོ་རྒྱུས་མཚོན་ཐུབ་ཀྱི་ཡོད་ཅེས་སོགས་བརྗོད་ཡོད།
དེ་ལྟར་དགུ་བཅུ་གསུམ་ཚོགས་པའི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ལ། གོང་གི་བོད་མི་ཉེས་མེད་ཉེས་བཀལ་བྱས་པའི་སྒྲོལ་མ་མཚོ་ལགས་དང་། དཀོན་མེ་ལགས། དགེ་འཕེལ་ལགས་ཀྱིས་གཙོས་རྒྱ་ནག་སྲིད་གཞུང་གི་བཙོན་བཅུག་འོག་ཡོད་པའི་བོད་རིགས་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འཕྲལ་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།