བལ་ཡུལ་སྲིད་བློན་འོས་འདེམས་ཐུབ་པའི་སྒྲིག་གཞི་བཟོ་འཆར།
2011.01.16
༄༅༎བལ་ཡུལ་ནང་སྔ་ལོ་ཕྱི་ཟླ་དྲུག་པ་ནས་བཟུང་སྲིད་བློན་འོས་འདེམས་མ་ཐུབ་པའི་དཀའ་རྙོག་དེ་ད་ཆ་སེལ་སྟེ་རིང་མིན་སྲིད་བློན་གསར་པ་འོས་འདེམས་ཐུབ་པའི་སྒྲིག་གཞི་གསར་པ་གཏན་འབེབས་བྱ་རན་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་སྤེན་པའི་ཉིན་བལ་ཡུལ་གྲོས་ཚོགས་གཙོ་སྐྱོང་བ་སུ་སྦཤེ་ཅནྡར་ནེམ་ལྦང་གིས་གསུངས་པར་གཞིགས་ན་ གྲོས་ཚོགས་ཚོགས་དུས་རྗེས་མའི་ནང་སྲིད་བློན་གསར་པ་འོས་འདེམས་བྱ་རྒྱུའི་ཐབས་ལམ་གསར་གཏོད་གནང་ཡོད་སྐོར་གསུངས་གནང་འདུག རྒྱལ་ས་ཀཐ་མན་གྲུར་དམིགས་བསལ་ཚོགས་འདུ་ཞིག་གི་ཐོག་གྲོས་ཚོགས་གཙོ་སྐྱོང་བས་བར་ལམ་ནས་སྲིད་བློན་འོས་འདེམས་བྱ་རྒྱུའི་ལམ་སྲོལ་ལ་འགྱུར་བ་བཏང་ནས་སླད་ཕྱིན་ཆད་ནས་བར་ལམ་གྱི་དཀའ་ངལ་དེ་རིགས་མི་འཕྲད་པའི་ཆ་རྐྱེན་བསྐྲུན་ཡོད་ལུགས་གསལ་བཤད་གནང་བ་དང་ཆབས་ཅིག་ད་ཆ་སྒྲིག་གཞིར་བསྐྱར་བཅོས་ཀྱི་ཟིན་བྲིས་གྲ་སྒྲིག་མཇུག་སྒྲིལ་རན་ཡོད་ལུགས་གསུངས་གནང་འདུག གནས་ཚུལ་ནང་ཐོན་པར་གཞིགས་ན་གྲོས་ཚོགས་འདི་ཚེས་༡༧རེས་གཟལ་ཟླ་བའི་ཉིན་བསྐྱར་དུ་ཚོགས་སྐབས་སྲིད་བློན་འོས་བསྡུའི་སྒྲིག་གཞི་གསར་པ་གཏན་འབེབས་གནང་རྒྱུ་ཡིན་འདུག སྔ་ལོ་ཕྱི་ཟླ་དྲུག་པའི་ནང་སྲིད་བློན་མ་དལྦ་ཀུ་མར་ནེ་པལ་མཆོག་དགོངས་ཞུས་པ་ནས་བཟུང་ད་བར་སྲིད་བློན་གསར་པའི་འོས་བསྡུ་ཐེངས་བཅུ་དྲུག་བྱས་ཀྱང་གྲུབ་འབྲེས་ཟོན་མེད་པ་རེད། རེས་གཟའ་ལྷག་པའི་ཉིན་བར་ལམ་ནས་སྲིད་བློན་གྱི་འོས་གཞི་ཁོ་ན་ ནེ་པལ་ཀོང་རེསེ་ཚོགས་པའི་དབུ་ཁྲིད་རམ་ཅནྡར་པོ་རྡེལ་ཡང་འོས་གཞི་ནས་ཕྱིར་འཐེན་གནང་ཟིན་ཡོད་འདུག།