རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པ་ཞིག་གི་སྙན་ཐོ།
2010.02.16
༄༅༎འཛམ་གླིང་ནང་གི་རྒྱལ་ཁབ་ཁག་ཅིག་གི་སྲིད་དབང་ལམ་ལུགས་ལ་བརྟེན་པས། དྲ་རྒྱའི་ཐོག་གསར་འགྱུར་སྤེལ་མཁན་དང། མི་སྒེར་དང་བླངས་ཀྱི་ཐོག་ནས་གསར་འགྱུར་དང་རྩོམ་བྲིས་སྤེལ་མཁན་ཐོག་ལ་དྲག་གནོན་དང་རྡུང་རྡེག་ཕོག་བཞིན་ཡོད་ཀྱང། དེང་སྐབས་གསར་དུ་ཐོན་བཞིན་པའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་སྨྲ་བརྗོད་རང་དབང་ཐོག་རྡུང་རྡེག་གཏོང་བའི་བྱ་སྤྱོད་རྣམས་ཐེར་འདོན་བྱ་རྒྱུར་རོགས་ཕན་སྐྲུན་ཐུབ་ཀྱི་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ཚོགས་པ་ཞིག་གིས་བཏོན་པའི་སྙན་ཐོའི་ནང་བཀོད་ཡོད་པ་རེད།
རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་གསར་འགོད་སྲུང་སྐྱོབ་ཚོགས་པས་ཉི་ཧོང་གི་གསར་འགོད་ལྷན་ཚོགས་ཐོག་ལ་ཁོང་ཚོའི་ལོ་འཁོར་གྱི་སྙན་ཐོ་འདོན་སྤེལ་གནང་བའི་ནང། མི་སྒེར་གྱི་གསར་འགྱུར་གཏོང་སྤེལ་བྱེད་མཁན་དང་བསམ་ཚུལ་རྩོམ་བྲིས་པ། ས་གནས་ཀྱི་གསར་འགོད་པ་དེ་དག་གི་སྨྲ་བརྗོད་རང་དབང་ཐོག་ལ་དབང་ཆ་གཅིག་སྡུད་ཀྱི་སྲིད་དབང་སྒེར་འཛིན་པའི་གཞུང་དང། དྲག་པོའི་གཞུང། དྲག་གནོན་བྱེད་མཁན་གྱི་གཞུང་བཅས་ཀྱིས། རྡུང་རྡེག་གཏོང་བཞིན་པ་དེ་ནི། ད་བར་ཁོང་ཚོར་རྒྱབ་སྐྱོར་དང་སེམས་འཁུར་བྱེད་མཁན་གྱི་གསར་འགྱུར་བརྒྱུད་ལམ་གྱི་ཚོགས་པ་མེད་པར་བརྟེན་ནས་བྱུང་བ་ཡིན་ཞིང། ཡིན་ནའང་ད་ཆ་དྲ་རྒྱའི་ཐོག་མི་སྒེར་དང་ཚོགས་པ་ཁག་གི་གླེང་བརྗོད་བྲིས་ཡུལ་གྱི་Blogsའམ་དོ་ར་གསར་འཛུགས་བྱེད་མཁན་ཇེ་མང་དུ་འགྲོ་བ་དང། དྲ་རྒྱ་གཅིག་ནས་གཅིག་ལ་འབྲེལ་མཐུད་བྱེད་ཐུབ་པའི་བརྒྱུད་ལམ་ཇེ་མང་དུ་འགྲོ་བ། དེ་མིན་གསར་འགྱུར་བརྒྱུད་ལམ་གསར་པ་མང་པོ་ཞིག་བཟོ་སྐྲུན་བྱེད་བཞིན་པ་དེ་དག་གིས། དཔེར་ན། རྒྱ་ནག་ལྟ་བུའི་ནང་རྡུང་རྡེག་ཕོག་བཞིན་པའི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་གསར་འགོད་པ་ཚོའི་མཉམ་དུ་རྒྱ་ནག་གཞུང་གི་བྱ་སྤྱོད་ཐེར་འདོན་བྱེད་པར་གཅིག་ཕན་གཅིག་རོགས་ཀྱི་ཕན་ཐོགས་སྐྲུན་ཐུབ་ཀྱི་ཡོད་པའི་སྐོར་གསུང་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་དྲུག་པའི་ནང་ཨི་རན་གྱི་སྲིད་འཛིན་གྱི་འོས་འདེམས་སྐོར་ལ་རྙོག་དྲ་བྱུང་བའི་རྗེས། ཨི་རན་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཐོག་དྲག་གནོན་བྱས་ཏེ། གསར་འགོད་པ་འཛིན་བཟུང་བྱས་པ་དེ་དག་གི་གནས་སྟངས་སྐོར་དེང་སྐབས་ཆེས་དར་གསོ་ཆེ་བའི་FaceBookཟེར་བའི་དྲ་རྒྱ་དང། Emailའམ་ཨི་མེལ་ཟེར་བའི་དྲ་རྒྱའི་མགྱོགས་འཕྲིན་ཐོག་གཏོང་སྤེལ་བྱས་ཏེ་ཁོང་ཚོའི་སྐོར་གླེང་སློང་བྱེད་པར་ཕན་ཐོགས་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་གནོན་ཤུགས་དེ་དག་ལ་བརྟེན་ནས་གསར་འགོད་པ་གཉིས་གློད་བཀྲོལ་ཐོབ་པའི་ཕན་ཐོགས་བྱུང་ཡོད་པའི་སྐོར་གསུང་ཡོད་པ་རེད།