རང་བསྲེགས་དོན་རྐྱེན་དང་འབྲེལ་ནས་བོད་མི་འཇུ་བཟུང་།
2012.12.04
དེ་ཡང་ཚངས་དབྱངས་ཀྱིས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ཚེས་ ༣ ཉིན་མདོ་སྨད་མགོ་ལོག་པདྨ་རྫོང་ནས་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་པ་དང་། སྐབས་དེར་ས་གནས་བོད་མི་ཚོས་ཁོང་གི་ཕུང་པོ་རྒྱ་གཞུང་གི་ལག་ཏུ་ཤོར་མ་བཅུག་པར་རང་དགོན་སྟེ་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་དུ་གདན་འདྲེན་ཞུས་ཡོད་འདུག་ལ། ཉིན་དེའི་མཚན་མོར་རྫོང་ཐོག་ཏུ་ཡོད་པའི་ཝ་ཤུལ་རྡོར་བྲུག་ལགས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་རྗེས་ད་སྐབས་གནས་ཚུལ་གང་བྱུང་གསལ་ཁ་བྱུང་ཐུབ་ཀྱིན་མི་འདུག་ཞེས་ཟེར།
ཝ་ཤུལ་རྡོར་བྲུག་ནི་པདྨ་རྫོང་ལྡི་མདའ་ནས་ཡིན་ལ། དེང་སྐབས་པདྨ་རྫོང་ཐོག་ཏུ་རྒྱུན་སྡོད་བྱེད་བཞིན་ཡོད་པ་དང་། པདྨ་རྫོང་གི་མངའ་ཁོངས་ནས་ནང་ཁུལ་འཛིང་སྣོག་རིགས་བྱུང་སྐབས་གཟུ་བཤད་མཁན་གྱི་མི་སྣ་སྐད་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ཞི་རྒོལ་སྐབས་ཡང་ཁོང་ལ་ཞི་རྒོལ་གྱི་སྣེ་ཁྲིད་པའི་ཉེས་མིང་འོག་འཛིན་བཟུང་བྱེད་མྱོང་ཡོད་འདུག
ཡང་གནས་ཚུལ་ཡོངས་ཁུངས་ནས་བརྗོད་དོན། ཁ་སང་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་ལགས་ཀྱིས་ཁོང་གི་རང་ལུས་མེར་བསྲེགས་མ་གནང་བའི་ཡར་སྔོན་ཏག་ཏག་དེར་རང་དགོན་གྱི་གནད་ཡོད་དགེ་འདུན་པ་ཞིག་ལ་(བདེ་འཇགས་ཀྱི་ཆེད་ལས་གནས་དང་མིང་སོགས་བཤད་མེད།)ཁ་པར་བཏང་ནས་བཤད་དོན་"ངས་ད་སྐབས་རང་ལུས་མེར་བསྲེགས་གཏོང་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། ལུས་ལ་ས་སྣུམ་བླུགས་ཟིན་པ་ཡིན། ད་གློག་ཆུ་ཞིག་འཐུང་རྒྱུ་ཡོད། དེ་འཐུང་ནས་མེར་སྒྲོན་རྒྱུ་ཡིན། སྤྱིར་ངས་ཡི་གེ་ཞིག་འབྲི་དགོས་གི་བསམ་སོང་མོད། འོན་ཀྱང་ང་ལ་ཡིག་གཟུགས་ཡག་པོ་མེད་པས་བྱུང་མ་སོང་། དེ་ནས་ཁྱེད་ལ་ཁ་པར་བཏང་བ་ཡིན། ང་ལ་རེ་བ་ཞིག་ཡོད་པ་ནི་བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དང་། ནང་འཛིང་མི་བྱེད་རྒྱུ་ངའི་རེ་བ་ཡིན། དེ་ལྟར་བྱེད་ཐུབ་པ་ཡིན་ན་ང་ཚོའི་རེ་བ་འགྲུབ་གི་རེད།"ཞེས་གསུངས་འདུག དེ་བཞིན་དུ་ཁོང་གིས་རང་ལུས་མེར་བསྲེགས་གནང་ནས་ལག་གཉིས་ཐལ་མོ་སྦྱར་བཞིན་མདུན་དུ་རྒྱུགས་སྐབས། ཁོང་གིས་སྐད་འབོད་མང་པོ་ཞིག་གནང་ཡོད་འདུག་ལ། སྐབས་དེར་ས་གནས་མང་ཚོགས་ཁ་ཤས་ཀྱིས་དངོས་སུ་བོད་མི་ཚོས་མཐུན་སྒྲིལ་བྱོས། ནང་འཛིང་ནང་འཁྲུག་མ་བྱེད་ཟེར་བ་གོ་ཡོད་འདུག
དེ་རིང་པད་ནག་སྡེ་བ་རང་ནས་ཡིན་པའི་མང་ཚོགས་དང་གྲྭ་བ་དག་ཁོང་གི་སྐུ་ཕུང་གི་མདུན་དུ་སྐྱོད་ནས་སྐུ་ཕུང་ལ་ཁ་བཏགས་བསྒྲོན་པ་དང་། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ། གདུང་སེམས་མཉམ་སྐྱེད་ཆེད་མཆོད་མེའི་ཞལ་འདེབས་ཕུལ་བ་དང་། བསྔོ་བ་སྨོན་ལམ་བཅས་གནང་གཞིན་ཡོད་འདུག་ལ། དེ་རིང་སྐད་འཕྲིན་གྱི་གཙོས་ཁ་པར་ཀྱི་དྲ་ལམ་དང་། གློག་ཀླད་ཀྱི་དྲ་ལམ་སོགས་དྲ་ལམ་ཁག་བཀག་འགོག་བྱས་ཡོད་འདུག
པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་ནི་མགོ་ལོག་པདྨ་རྫོང་གི་ཁོངས་རྟོགས་སུ་དགོན་སྡེ་ ༢༣ ཡོད་པའི་ཡ་གྱལ་ཞིག་ཡིན་པ་དང་། ཆོས་ལུགས་རྙིང་མ་ཡིན་འདུག ཕྱི་ལོ་ ༡༨༦༠ ཡས་སུ་སངས་སངས་གྲྭ་གྲྭ་པདྨ་འགྲོ་འདུལ་རྡོ་རྗེས་ཕྱག་བཏབ་གནང་བ་དང་། དེ་ནས་རིན་པས་སྦྲ་ནག་བླ་མ་བསྟན་པ་དང་། པད་ནག་དབོན་པོ་རིག་ལོ་སོགས་ཀྱིས་རིམ་པར་བསྐྱངས་། ད་སྐབས་དགོན་བདག་བླ་མ་མཆོག་སྤྲུལ་བསྟན་པའི་ཉི་མ་ཡིན་ལ། དགོན་དེར་ད་སྐབས་གྲྭ་བ་ ༡༠༠ མ་ཟིན་ཞིག་ཡོད་པ་དང་། པདྨ་རྫོང་ནས་ཕྱི་ལོ་ ༧ ཙམ་གྱི་སར་ཆགས་ཡོད་པ་རེད་འདུག