འབྲུག་རྒྱལ་པོ་དང་ཁོང་གི་བཙུན་མོ་གཉིས་རྒྱ་གར་དུ་ཕེབས།
2011.10.25
༄༅༎ཉེ་སྔོན་འཁྲུངས་ས་བསྐྱོན་པའི་འབྲུག་རྒྱལ་མཆོག་དང་བཙུན་མོ་གཏན་ཞལ་རྒྱ་གར་དུ་རྒྱལ་དོན་དང་སྤྲོ་གསེང་དུ་ཕྱོགས་བསྐྱོད་གནང་བའི་གནས་ཚུལ་ཐོན་འདུག འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་ཁོང་གི་བཙུན་མོ་རྗེ་བཙུན་པད་མ་མཆོག་ཕྱི་ཟླ་བཅུ་པའི་ཚེས་ ༧ འབྲུག་གི་རྒྱལ་ས་རྙིང་པ་པུ་ན་མཁའ་རུ་རྒྱལ་ཁབ་ཀྱི་སྲོལ་རྒྱུན་དང་མཐུན་པའི་ཐོག་ནས་གཉེན་བསྒྲིག་གནང་བ་རེད། བཙུན་མོ་བཞེས་པའི་རྗེས་སུ་འབྲུག་གི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཐག་ཉེ་ཤོས་དེ་རྒྱ་གར་ཡིན་པའི་ཆ་ནས་འབྲུག་རྒྱལ་མཆོག་དང་ཁོང་གི་བཙུན་མོ་ལྷན་དུ་རྒྱལ་དོན་ཕྱོགས་བསྐྱོད་དང་པོ་དེ་རྒྱ་གར་ལ་གནང་ཡོད་ཅིང་། རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ནས། རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་དང་མཇལ་འཕྲད་གྲོས་མོལ་གནང་འདུག། དེ་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་པཱར་ཏི་བ་པ་ཀྲེལ་ མཆོག་དང་ལྷན་དུ་གཞུང་འབྲེལ་གསོལ་སྟོན་ཐོག་ཕེབས་ཡོད་པ་རེད་། འབྲུག་རྒྱལ་ཆེན་པོ་མཆོག་དང་ཁོང་གི་བཙུན་མོ་མཆོག་གིས་གཞུང་འབྲེལ་གྱི་མཇལ་འཕྲད་གྲོས་མོལ་གྲུབ་མཚམས་སུ། རྒྱ་གར་གྱི་ནུབ་ཕྱོགས་ཀྱི་མངའ་སྡེ་ ར་ཇི་སི་ཏན་ལ་ མེ་འཁོར་ནང་ཕེབས་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།