ཞི་བདེའི་ཤེས་ཡོན་ལྷན་ཚོགས་ཀྱི་སྐོར།
2011.05.16
༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་གནང་བའི་ཉིན་གསུམ་གྱི་ནེ་ལྦཀ་(Newark)ཞི་བདེའི་ཤེས་ཡོན་གྱི་ཆེས་མཐོའི་ལྷན་ཚོགས་དེ་བཞིན་ཁ་ས་མཇུག་སྒྲིལ་གནང་ཡོད་ནའང༌། ལྷན་ཚོགས་དེའི་ཐོག་བཀའ་བསྡུར་གནང་བའི་ཞི་བདེའི་ཐབས་ལམ་ཁག་མུ་མཐུད་མཇུག་འཁྱོངས་ཞུ་རྒྱུ་ཡིན་སྐོར་ལྷན་ཚོགས་གོ་སྒྲིག་གནང་མཁན་དང་འབྲེལ་ཡོད་ས་གནས་དེའི་དོན་གཉེར་བ་ཚོས་གསུངས་བཞག།
ནེ་ལྦཀ་ཞི་བདེའི་ཆེས་མཐོའི་ལྷན་ཚོགས་དེའི་ཐོག་ཉིན་རེར་ཚོགས་བཅར་ཞུ་མཁན་མི་གྲངས་༢༤༠༠ཙམ་བྱུང་ཡོད་པ་དང༌། ༧གོང་ས་མཆོག་དབུ་བཞུགས་གནང་བའི་རེས་གཟའ་པ་སངས་དང་སྤེན་པ་བཅས་ཉིན་གཉིས་རིང་ཚོགས་ཁང་ཆ་ཚང་ཁེངས་ཡོད་པ་རེད། གོང་ཞུས་ལྷན་ཚོགས་དེའི་ཐོག་གསུང་བཤད་གནང་མཁན་གྱི་གྲས་སུ་ཡོད་པ་ཁུལ་དེའི་རཏ་གར་སེ་(Rutgers)གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ལས་རོགས་ཨེལ་ཌོ་ཆི་ལྦི་ཆོ་(Aldo Civico)ཡིས་ཆེས་མཐོའི་ལྷན་ཚོགས་དེའི་ཐོག་
ཞི་བདེ་དོན་གཉེར་བ་ཚོས་གསུང་པའི་དགོངས་ཚུལ་དང་ལམ་སྟོན་ཁག་ལ་བདག་གཅེས་ཞུ་རྒྱུའི་འགག་རྩའི་དུས་ལ་བབ་ཡོད་པ་དང༌། ལྷན་ཚོགས་དེ་མཇུག་སྒྲིལ་བྱས་པ་དང་ཆབས་ཅིག་གནད་དོན་དེ་སྒོ་རྒྱབ་པ་ཡིན་ན། ལྷན་ཚོགས་སྐབས་མཁས་པ་ཚོས་གསུང་པའི་དགོངས་ཚུལ་དང་ལམ་སྟོན་བཟང་པོ་དེ་ཚོ་བེད་མེད་ཆུད་ཟོས་སུ་འགྲོ་གི་རེད་ཅེས་གསུངས་བཞག། ཁོང་གིས་རཏ་གར་སེ་(Rutgers)གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ རྒྱལ་སྤྱིའི་ཞི་བདེའི་སློབ་གཉེར་སྡེ་ཚན་ཞིག་གསར་འཛུགས་གནང་རྒྱུའི་འཆར་གཞི་འདུག་ལ། སློབ་གཉེར་སྡེ་ཚན་དེ་༢༠༡༢ལོའི་སྟོན་ཀའི་སྐབས་སུ་དབུ་འབྱེད་གནང་ཡག་རེད་འདུག།