༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་༢༠༢༡ ཕྱི་ལུགས་ལོ་གསར་ལ་འཚམས་འཕྲིན་བསྩལ་གནང་བ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༡ ཉིན་གྱི་སྔ་དྲོར་ཕྱི་ལོ་ ༢༠༢༡ ལོའི་ལོ་གསར་དང་བསྟུན་གཞིས་ལུས་རྒྱ་ཆེའི་མི་མང་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད་ཅེས་བཀའ་བསྩལ་བ་དང་འབྲེལ་ཚང་མ་ཐུགས་སྤྲོ་པོ་ཡོང་བའི་རེ་བ་ཡོད་ཅེས་བཀའ་བསྩལ་གནང་མཛད་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་དེའི་ནང་ད་ལམ་ངོས་ནས་ཕྱི་ནང་མི་རིགས་ཀུན་ལ་ཕྱི་ལོ་གསར་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལྷག་པར་དུ་གོ་སྐབས་འདི་བརྒྱུད་དེ་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཕྱི་ལོ་གསར་པར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་བཞིན་༧གོང་ས་མཆོག་གིས་ འདས་པའི་ལོ་དེ་སོ་སོས་བཟང་པོའི་བྱ་བ་བསྒྲུབས་ནས་བསྐྱལ་ཡོད་མེད་ཐད་བསམ་བློ་གཏོང་དགོས། དེ་ཡང་འདས་པའི་ལོའི་ནང་རབ་ལ་གཞན་ལ་ཕན་ཐོགས་བསྒྲུབས་པ་དང་། དེ་ལྟར་མ་བྱུང་ཡང་གཞན་ལ་གནོད་མ་བསྐྱལ་བའི་སྒོ་ནས་མི་ཚེ་བསྐྱལ་ཡོད་ན་ཁྱེད་ཀྱི་འདས་པའི་ལོ་དེ་དོན་དང་ལྡན་པ་བྱུང་ཡོད། དེ་ལྟ་མིན་པར་ལོ་སྔ་མའི་རིང་རང་དོན་ཁོག་བཅུག་བྱས་དྲགས་ཏེ། མི་གཞན་ལ་བཤུ་གཞོག་བཏང་བ་སོགས་བྱས་ཡོད་ན་མི་ཚེ་དོན་ལྡན་ངང་བསྐྱལ་ཐུབ་པ་བྱུང་མེད། གལ་ཏེ་མི་སུ་འདྲ་ཞིག་གིས་མི་ཚེ་དེ་ལྟར་བསྐྱལ་ཡོད་ན། ད་ཆ་ལོ་གསར་པ་འགོ་ཚུགས་པ་ཡིན་སྟབས། བསམ་བློ་འདི་ལྟར་དུ་གཏོང་དགོས། འདས་པ་ནི་འདས་པ་རེད། ལོ་གསར་པ་ནས་བཟུང་སྟེ་རང་གི་ལུས་འདི་དང་མིང་འདི་གཉིས་སྔར་གྱི་དེ་ག་རང་ཡིན་ཀྱང་། རང་གི་མི་ཚེ་འདི་སྐྱེལ་སྟངས་དེ་སྔར་ལས་བྱམས་བརྩེ་ཆེ་བ་ཞིག་དང་དོན་སྙིང་ལྡན་པ་ཞིག་བྱ་སྙམ་པའི་བསམ་གཏོང་དགོས། ཁྱེད་རྣམས་ལ་ཕྱི་ལོའི་ལོ་གསར་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་གནང་མཛད་འདུག
ཡང་འཚམས་འཕྲིན་གྱི་མཇུག་ཏུ་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་གསར་སྐབས་མི་རྣམས་ལྷན་འཛོམས་ཀྱིས་དགའ་སྟོན་བྱས་ནས་ཆང་འཐུང་བ་སོགས་སྤྲོ་སྐྱིད་གཏོང་གི་ཡོད་སྟབས་ ཆང་ཅུང་ཟད་རེ་འཐུང་བ་ལས་དེ་མིན་ཆང་འཐུང་རྒྱུ་མང་དྲགས་ན་གང་འཚམ་ནས་ཕན་ཚུན་འཁྲུག་རྩོད་ཤོར་ཏེ་ལོ་གསར་པའི་དགའ་སྟོན་དེ་སྡུག་བསྔལ་གྱི་རྐྱེན་དུ་འགྱུར་བའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན་ལོ་གསར་གྱི་དགའ་སྟོན་དེ་ཞི་འཇམ་ངང་ནས་གཏོང་དགོས་ཞེས་ནན་སྐུལ་གནང་འདུག་ལ། ལྷག་པར་དུ་ལོ་གསར་གྱི་ཉིན་མོ་ཙམ་དུ་མིན་པར་ལོ་ཧྲིལ་པོའི་རིང་དེ་ལྟར་གནང་དགོས་ཞེས་བཀའ་སློབ་བསྩལ་གནང་མཛད་འདུག།