འཛམ་གླིང་མི་དམངས་ཀྱིས་༢༠༡༦ཕྱི་ལོ་གསར་བ་བསུས་བ།
2016.01.01
ཕྱི་ལོ་༢༠༡༦་ལོ་གསར་པ་དེ་ང་ཚོས་རེ་བ་དང་སྙིང་སྟོབས་ཀྱི་ལོ་ཞིག་བཟོ་དགོས་ཞེས་ཧྥ་རན་སིའི་སྲིད་འཛིན་གྱིས་བཀའ་གནང་བ།
དེ་ཡང་འཛམ་གླིང་གི་ས་ཁུལ་མང་པོའི་ནང་དྲག་སྤྱོད་པས་དྲག་རྒོལ་བྱེད་སྲིད་པའི་འཇིགས་པ་ཡོད་མིན་ལ་མ་བལྟོས་པར། འཛམ་གླིང་གང་སར་མང་ཚོགས་ནས་ཕྱི་ལོ་གསར་ཚེས་ལ་རྟེན་འབྲེལ་ཆེད་དགའ་སྟོན་གྱི་བྱེད་སྒོ་སྤེལ་བའི་ཐོག་ནས་ཕྱི་ལོ་གསར་བ་བསུ་བ་ཞུས་ཡོད་པ་རེད།
ཕྱི་ལོ་༢༠༡༥ལོར་དྲག་སྤྱོད་པས་ཧྥ་རན་སི་France་གཙོས་པའི་རྒྱལ་ཁབ་མི་ཉུང་བ་ཞིག་གི་ནང་། དྲག་རྒོལ་གྱིས་མི་བསད་ཁྲག་སྦྱོར་གྱི་དོན་རྐྱེན་སྣ་མང་ཞིག་བྱུང་ཡོད་པར་ France་སྲིད་འཛིན་Francois Hollandeཡིས། མང་ཚོགས་ལ་ཕྱི་ལོ་གསར་ཚེས་ཀྱི་གཏམ་བཤད་གནང་བའི་ནང་༢༠༡༥་ལོ་དེ་ནི་དཀའ་སྡུག་དང་འགོག་རྒོལ་གྱི་ལོ་ཞིག་ཆགས་ཡོད་ནའང་༢༠༡༦་ལོ་གསར་པ་དེ་ང་ཚོས་རེ་བ་དང་སྙིང་སྟོབས་ཀྱི་ལོ་ཞིག་བཟོ་དགོས་ཞེས་བཀའ་གནང་ཡོད་པ་རེད།
ཡི་ཤུའི་བླ་ཆེན་སྤོབ་ཀྱིས་ཕྱི་ལོ་༢༠༡༥ལོའི་ལོ་མཇུག་གི་སྨོན་ལམ་གསོལ་འདེབས་ཀྱི་མཛད་སྒོར་ཚོགས་བཞུགས་ཀྱི་གསུང་འཕྲིན་ནང་། ༢༠༡༥ལོར་དྲག་ལས་ཀྱི་རྐྱེན་པས་ཉེས་མེད་མི་མང་མང་པོའི་ཚེ་སྲོག་ཤོར་བ་སོགས་དཀའ་སྡུག་ཚད་མེད་མྱོངས་དགོས་བྱུང་བ་བརྗེད་དཀའ་བའི་དུས་ཚོད་ཅིག་ཡིན་ནའང་མང་ཚོགས་ཀྱི་ངོས་ནས་འདས་པའི་ལོའི་ནང་གཞན་ཕན་གྱི་བྱ་བ་ཡག་པོ་འགྲུབ་ཐུབ་པ་སོགས་ལ་དགའ་བ་སྒོམ་དགོས་ཞེས་གསུངས་ཡོད་པ་རེད།
ཁ་ཆེའི་རྒྱལ་ཁབ་United Arab Emiratesནང་ཕྱི་ལོ་གསར་པ་ཚེས་ལ་ཉེ་བར་ཆུ་ཚོད་གཉིས་ཀྱི་གོང་། གྲོང་ཁྱེར་Dubaiགི་The Address Hotel ཞེས་པའི་གསོལ་མགྲོན་ཁང་ལ་གློ་བུར་མེ་སྐྱོན་ཤུགས་ཆེ་ཞིག་བྱུང་སྟེ་མི་གཅིག་གི་ཚེ་སྲོག་ཤོར་བ་དང་། མི་གྲངས་བཅུ་བཞི་ཙམ་ལ་རྨས་སྐྱོན་ཕྲན་བུ་ཕོག་མིན་ལ་མ་ལྟོས་པར་ཉེ་འཁྲིས་སུ་ཕྱི་ལོ་གསར་ཚེས་ལ་དགའ་སྟོན་ཞུ་བའི་རྟེན་འབྲེལ་གྱི་བྱེད་སྒོ་འགྱུར་བ་གང་ཡང་མེད་པར་སྲུང་བརྩི་ཞུས་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།