བྷར་སེལ་བོད་ཀྱི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བྱུང་བ།
2016.08.25
བྷར་སེལ་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་སུ་འཕོ་འགྱུར་བྱུང་བའི་མཛད་སྒོ་ཚོགས་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་། བྷར་སེལ་Brussels་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་མཆོག་གིས་མི་ལོ་༣༠་ཙམ་རིང་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་མཐར་བགྲེས་ཡོལ་དུ་ཕེབས་མཚམས། དེ་སྔ་དྲིལ་བསྒྲགས་དྲུང་ཆེ་ཟུར་པ་བཀྲ་ཤིས་ཕུན་ཚོགས་ལགས་བྷར་སེལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་ལྟར། ཉེ་ལམ་བྷར་སེལ་དོན་གཅོད་ཁང་དུ་སྐུ་ཚབ་དོན་གཅོད་གསར་རྙིང་འཕོ་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་གསར་རྙིང་རྣམ་གཉིས་དང་། སྤྲོད་དཔང་དུ་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཕེབས་ཡོད་པ་མ་ཟད། དོན་གཅོད་ལས་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། བོད་རིགས་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་འཐུས་མི། དེ་བཞིན་བྷར་སེལ་སྐུ་ཚབ་དོན་ཁང་གི་ལས་བྱེད་རྣམས་བཅས་ཚང་འཛོམས་ཐོག གསོལ་ཇ་འབྲས་སིལ་དང་། སྐུ་ཚབ་དོན་གཅོད་གསར་པར་འཚམས་འདྲིའི་མཇལ་དར་ཕུལ་ནས་བསུ་བ་ཞུས་གནང་འདུག།
བྷར་སེལ་སྐུ་ཚབ་དོན་གཅོད་གསར་པ་བཀྲ་ཤིས་ཕུན་ཚོགས་ལགས་ནི་༡༩༧༧་ནས་བཟུང་མི་ལོ་༣༥་ལྷག་རིང་བོད་པའི་སྤྱི་ཚོགས་ནང་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནང་ཞུགས་རྗེས་༡༩༩༧་ནས་༢༠༠༡་བར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་གནང་ཡོད་པ་དང་། ༢༠༠༡་ནས་༢༠༠༥་བར་བྷར་སེལ་དང་པེ་རི་སིའི་དོན་གཅོད་ཁང་དུ་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་ཡོད་ལ། ༢༠༡༠་ནས་༢༠༡༢་བར་བཀྲིས་ཕུན་ཚོགས་ལགས་
ཀྱིས་བྷེང་ལོར་ལྷོ་སྤྱི་དང་། ༢༠༡༣་ཟླ་༢་ཚེས་༨་ནས་བཟུང་ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་གནང་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།