བོད་རང་སྐྱོང་ལྗོངས་ཟེར་བར་འགྲོ་ཁྲིད་གསར་པ་བསྐོ་བཞག
2011.08.26
༄༅༎རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་གསར་པར་བསྐོ་བཞག་བྱས་པ་ཁྲེན་ཆུན་ཀུའོ་ཡིས། བོད་ནང་ཡར་རྒྱས་གཏོང་རྒྱུ་དང་བོད་ཀྱི་སྤྱི་ཚོགས་རྒྱུན་གནས་ཡོང་ཐབས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པའི་སྐོར་དེ་རིང་རེས་གཟའ་པ་སངས་ཉིན་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆིང་ལི་ཡི་ཚབ་ཏུ་ཁྲེན་ཆོན་ཀུའོ་བསྐོ་བཞག་བྱས་པའི་གསལ་བསྒྲགས་བྱས་པ་དང༌། ཉིན་དེའི་ཕྱི་དྲོའི་ཚོགས་འདུ་ཐོག་ཁྲེན་ཆེན་ཀུའོ་ཡིས། བོད་ནང་ཡར་རྒྱས་གཏོང་རྒྱུ་དང་སྤྱི་ཚོགས་བརྟན་ལྷིང་བཟོ་རྒྱུའི་གཏམ་བཤད་དེ་བྱས་ཡོད་པ་རེད། སྐབས་དེར་ཚོགས་འདུའི་ཐོག་རྒྱ་ནག་དབུས་གཞུང་གི་འཛུགས་སྐྲུན་ལས་ཁང་གི་བློན་ཆེན་གཞོན་པ། ཀྲང་ཅི་ནན་ཡིས། ཁྲེན་ཅོན་ཀུའོ་ནི་གཞི་རིམ་ནས་འགྲིམ་པའི་མི་སྣ་ཞིག་ཡིན་པ་དང༌། ལས་ཀའི་རྣམ་གྲངས་མང་པོའི་ཐོག་ཉམས་མྱོང་ཡོད་པའི་བསྔགས་བརྗོད་བྱས་ཡོད་པ་དང༌། ལྷག་པར་དུ་དམར་ཤོག་ཚོགས་པའི་ལས་དོན་ཐོག་རྒྱུས་མངའ་ཆེན་པོ་དང༌། དེས་མ་ཟད་དཔལ་འབྱོར་གྱི་ཐོག་ལ་རྒྱུས་མངའ་ཡོད་པའི་མི་སྣ་ཞིག་ཡིན་པ་བཤད་ཡོད་པ་རེད།
ཁྲེན་ཆོན་ཀུའོ་ནས། བོད་ནི་ཆབ་སྲིད་ཀྱི་གནད་འགག་ཡོད་པ་ཞིག་དང༌། ཡར་རྒྱས་གཏོང་ཡུལ་གྱི་གལ་ཆེའི་ཐབས་ཇུས་ཤིག་ཡིན་པ་ངོས་འཛིན་གྱིས། རྒྱ་ནག་གུང་ཁྲན་ཏང་དང༌། དབུས་གཞུང་གིས། བོད་ནང་ཡར་རྒྱས་གཏོང་དགོས་ངེས་ཡིན་པའི་ངོས་འཛིན་བྱེད་པའི་ཐོག་བོད་མི་ཚོས་རེ་འདུན་ཆེན་པོ་བྱེད་ཀྱི་ཡོད་ཚུལ་བཤད་
ཡོད་པའི་སྐོར་ཤིང་ཧྰ་གསར་ཤོག་ཐོག་ལུང་འདྲེན་བྱས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་གསར་པ་ཁྲེན་ཆོན་ཀུའོ་ནི། ༡༩༥༥ ལོར་རྒྱ་ནག་གི་ཧེ་ནན་ཞིང་ཆེན་དུ་སྐྱེས་པ་དང༌། དཔལ་འབྱོར་ཐོག་སློབ་སྦྱོང་མཐར་སོན་པའི་ལག་འཁྱེར་ཐོབ་ཡོད་ཅིང༌། ཧེ་ནན་ས་གནས་གཞུང་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱི་ལས་འགན་འཁུར་བའི་རྗེས། ༡༩༩༨ ལོར་ཧེ་ནན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པར་བསྐོ་བཞག་བྱས་པ་དང༌། དེ་རྗེས་༢༠༠༣ ལོར་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པར་བསྐོ་བཞག་བྱས་ཡོད་པ་རེད།