བལ་ཡུལ་དུ་སྲིད་བློན་གསར་པ་འདེམས་ཐོན་བྱུང་བ།
2011.02.04
༄༅༎བལ་ཡུལ་གྱི་གསར་དུ་འདེམས་ཐོན་བྱུང་བའི་གཞུང་འཛིན་ཚོགས་པས་བལ་ཡུལ་གྱི་གཞུང་དེ་བཞིན་ཞི་བའི་ཐོག་ནས་དམངས་གཙོའི་ལམ་དུ་སྐྱོད་ཐབས་ཀྱི་ལས་དོན་སྤེལ་རྒྱུར་གདོང་ལེན་བྱ་རྒྱུར་ཚོགས་པ་འདྲ་མིན་ཟུང་འབྲེལ་ཐོག་ནས་སྲིད་གཞུང་སྐྱོང་རྒྱུའི་ལས་དོན་འགོ་ཚུགས་བྱ་རྒྱུ་ཡིན་པ་དང་ ད་རེས་གཟའ་ཕུར་བུའི་ཉིན་གྲོས་ཚོགས་ནང་བལ་ཡུལ་གྱི་སྲིད་བློན་འོས་འདེམས་ནང་མཀ་སེསི་ལེ་ནིན་གཅིག་གྱུར་ཚོགས་པའི་ཚོགས་གཙོ་ཇ་ལནཐ་ཁཱ་ནལ་ལ་འོས་ཤོག་མང་ཤོས་ཀྱིས་རྒྱལ་ཁ་ཐོབ་ཡོད་ཅིང་ ད་རེས་ཀྱི་མཀ་སེསི་ལེ་ནིན་གཅིག་གྱུར་ཚོགས་པའི་ཚོགས་གཙོ་སྲིད་བློན་འོས་འདེམས་ནང་འདེམས་ཐོན་བྱུང་ནས་འདས་པའི་ཟླ་བ་བདུན་ཙམ་རིང་བལ་ཡུལ་ནང་སྲིད་བློན་འོས་འདེམས་རྩོད་རྙོག་དེ་རེ་ཞིག་མཇུག་སྒྲིལ་ཐུབ་ཡོད་པ་དང་ བལ་ཡུལ་ནང་ན་ནིང་ཕྱི་ཟླ་དྲུག་པ་ནས་བཟུང་སྲིད་དོན་ཚོགས་པའི་དབར་འོས་འདེམས་ཐེངས་བཅུ་དྲུག་ཙམ་བྱས་ཀྱང་མང་མོས་ཀྱི་གཞུང་འཛིན་ཚོགས་པ་ཞིག་འདེམས་མ་ཐུབ་པར་གཞུང་མེད་པའི་གནས་སྟངས་འོག་བསྡད་ཡོད་པ་རེད་ སྤྱིར་བཏང་བལ་ཡུལ་གྱི་རྩ་ཁྲིམས་གཞིར་ཟུང་བལ་ཡུལ་ནང་ན་ནིང་ཕྱི་ཟླ་ལྔ་པ་ནས་གཞུང་འཛིན་ཚོགས་པ་གསར་པ་འོས་འདེམས་བྱེད་དགོས་ཀྱི་ཡོད་པ་དང་ ཡིན་ནའི་སྲིད་དོན་ཚོགས་པའི་དབར་རྩོད་གླེང་གིས་ད་བར་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་པ་རེད་ ད་རེས་བལ་ཡུལ་གྱི་མཀ་ལེསི་ལེ་ནིན་གཅིག་གྱུར་ཚོགས་པ་བལ་ཡུལ་གྱི་གཞུང་འཛིན་ཚོགས་པར་འོས་འདེམས་བྱུང་བར་ཨ་རིའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་དགའ་བསུ་ཞུས་གནང་ཡོད་པ་དང་འབྲེལ་ བལ་ཡུལ་ནང་ཞི་བའི་ཐོག་ནས་རྩ་ཁྲིམས་གསར་བཟོ་ཡོང་རྒྱུར་ཨ་རི་གཞུང་གིས་ཐུགས་རེ་གནང་བཞིན་ཡོད་པ་གསུང་ཡོད་འདུག བལ་ཡུལ་གྱི་མའོ་ཚོགས་པའི་འགོ་འཁྲིད་པཱར་ཅན་རྡ་ཡིས་ གསར་དུ་འདེམས་བསྐོ་བྱུང་བའི་བལ་ཡུལ་གྱི་སྲིད་བློན་ཁཱ་ནལ་ལ་རྒྱབ་སྐྱོར་ཞུ་རྒྱུའི་རྣམ་འགྱུར་བཏོན་ཡོད་པ་རེད་ གསར་དུ་འདེམས་ཐོན་བྱུང་བའི་བལ་ཡུལ་གྱི་སྲིད་བློན་ཇ་ལ་ནཐ་ཁཱ་ནལ་དགུང་གྲངས་དྲུག་ཅུར་ཕེབས་ཀྱི་ཡོད་པ་དང་ ཕྱི་ལོ་༡༩༦༥ནས་བཟུང་བལ་ཡུལ་གྱི་ཆབ་སྲིད་ཀྱི་ལས་དོན་ཁག་ནང་བཞུགས་མྱོང་ཡོད་པ་མ་ཟད་བལ་ཡུལ་གྱི་མཀ་སེསི་ལེ་ནིན་ཚོགས་པ་གསར་བཙུགས་གནང་མཁན་དེ་ཡིན་པ་རེད་