རྒྱ་གར་གྱི་ལྐོག་ཟའི་གྱོད་དོན་ལ་ནན་པོའི་ཐག་གཅོད་གནང་རྒྱུ།
2010.12.01
༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་གིས་རྒྱ་གར་དབུས་གཞུང་ལ་ཨ་རིའི་ཌོ་ལར་ཐེར་འབུམ་༤༠ཙམ་གྱི་གྱོང་གུད་གཏོང་མཁན་རྒྱ་གར་གྱི་ཁ་པར་འབྲེལ་མཐུད་ཚོང་ལས་ཁང་གི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞིའི་ནང་ལེ་ཐོག་ཡོད་མཁན་ཚོར་ཉེས་ཆད་ཡེམ་པོར་མ་སོང་བ་གཏོང་གནང་རྒྱུའི་ཁས་ལེན་གནང་ཡོད་རུང༌། ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་གནང་མཁན་ཚོས་ཡིད་ཆེས་དེ་ཙམ་ཞུ་གི་མེད་པ་རེད།
རྒྱལ་སྤྱིའི་ཕྱི་གསལ་ནང་གསལ་ཞེས་པའི་ཚོགས་པའི་རྒྱ་གར་ཡན་ལག་ཁང་གི་ངེས་སྟོན་པ་ཨ་ནུ་པམ་ཇའ་ཡིས་ དབུས་གཞུང་གི་སྲིད་དོན་དཔོན་རིགས་ཚོའི་ངོས་ནས་ཡུལ་ནང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སེལ་རྒྱུའི་འདོད་པ་ཡོད་པ་ཡིན་ན། ད་ལྟ་བར་དུ་འགོར་འགྱངས་མ་ཕྱིན་པར་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུའི་ལས་དོན་སྔ་ས་ནས་གནང་ཡོད་ཀྱི་རེད་ཅེས་གསུངས་འདུག།
རྒྱ་གར་ནང་ཉེ་དུས་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་རྒྱལ་ཁབ་མཐུན་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་ལྡི་ལིའི་ནང་ཚུགས་པ་ནས་བཟུང༌། ཉེ་བའི་ཟླ་ཤས་ནང་རྒྱ་གར་གྱི་ཁ་པར་འབྲེལ་མཐུད་ཁེ་གཉེར་ལས་ཁང་གིས་ལག་འཁྱེར་ཁ་པར་གྱི་ཆོག་མཆན་རིན་གོང་དམའ་པོ་བྱས་ནས་ཚོང་སྒྱུར་བྱས་ནས་རྒྱ་གར་དབུས་གཞུང་ལ་གྱོང་གུད་ཆེན་པོ་བཏང་བའི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་ཆེན་པོ་ཞིག་ཐོན་ཡོད་པ་དང༌། ཡང་དེ་མིན་གནས་ཚུལ་གཞན་ཞིག་ལ་མངའ་སྡེའི་དངུལ་ཁང་ཆེ་ཁག་མང་པོ་ཞིག་གིས་དངུལ་བུན་སྔ་གཡར་གཏོང་སྐབས་མཐོ་རིམ་ལས་བྱེད་པའི་ལྐོག་རྔན་ལེན་ནས་འཛིན་བཟུང་བྱས་པ་དང༌། ཡང་གྲོང་ཁྱེར་མུམ་སྦའེ་ནང་ཁང་ཚོང་ཐོག་ནས་ལྐོག་ཟ་རུལ་སུངས་བྱས་པའི་དོན་རྐྱེན་འོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དགོངས་ཞུ་བྱ་དགོས་བྱུང་བའི་གནད་དོན་ཁག་མང་པོ་བྱུང་ཡོད་པ་རེད། འོན་ཀྱང་གནད་དོན་དེ་ཚོའི་ཐད་དབུས་གཞུང་དང་གཞུང་འཛིན་ཀོང་རེ་སི་ཚོགས་པས་གྱོད་གཞི་དེ་ཚོའི་ནང་ལེ་ཁག་ཡོད་མཁན་ཚོར་ཁྲིམས་གཅོད་ནན་པོ་བྱ་རྒྱུའི་ཁས་ལེན་གནང་ཡོད་རུང༌། དེ་ལྟར་ཡོང་གི་མེད་པ་གསལ་པོ་རེད་ཅེས་གཞུང་ལ་སྐྱོན་བརྗོད་གནང་མཁན་ཚོས་གསུངས་འདུག།