བོད་རྒྱ་འབྲེལ་མོལ་གཟའ་མཇུག་ཏུ་གནང་འཆར།
2010.01.29
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་གཟའ་པ་སངས་ཉིན་རྒྱ་ནག་གི་ས་ཁུལ་གཞན་ནས་པེ་ཅིན་དུ་ཕེབས་འབྱོར་གྱིས་ གཟའ་མཇུག་ཏུ་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་ལྷན་དུ་གྲོས་མོལ་གནང་རྒྱུ་ཡིན་ཞིང་ ད་རེས་ཀྱི་འབྲེལ་མོལ་ཐེངས་དགུ་པ་དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟེར་བ་དེ་ཚོགས་པའི་དུས་སྐབས་དང་འཁེལ་ཡོད་པ་དང་རྒྱ་ནག་གཞུང་གིས་བཞུགས་མོལ་ཚོགས་འདུ་དེ་ཚོགས་ནས་བོད་ནང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་བཏང་ནས་བོད་མི་ཚོས་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་པར་འགྱུར་བ་གཏོང་ཐུབ་པའི་ཐབས་ལམ་འཛིན་རྒྱུ་ཡིན་པའི་སྐོར་ཨའ་ཕིའི་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག
ཡང་གནས་ཚུལ་དེའི་ནང་མུ་མཐུད་འཁོད་པར་གཞིགས་ན་ ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་རྒོལ་ཤུགས་ཆེ་བྱས་ནས་རྒྱ་ནག་གཞུང་གིས་བོད་མིའ་ཐོག་དྲག་གནོན་གྱི་སྲིད་བྱུས་འཛིན་ཡོད་པ་དང་ད་རེས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་འདས་པའི་ཟླ་བ་བཅོ་ལྡའི་རིང་འབྲེལ་མོལ་བར་མཚམས་ཆད་པ་སླར་གསོ་བྱུང་ཡོད་ན་ཡང་ཕྱི་ལོ་ཉིས་སྟོང་གཉིས་ལོ་ནས་ད་བར་འབྲེལ་མོལ་ཐེངས་བརྒྱད་ཙམ་གནང་ཡོད་ཀྱང་དོན་འབྲས་སོན་པ་ཞིག་བྱུང་མེད་པ་དང་། འདས་པའི་གྲོས་མོལ་གྱི་བརྒྱུད་རིམ་ནང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐོག་གྲོས་མོལ་བྱ་རྒྱུར་ཁས་ལེན་མ་བྱས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་དབར་༸གོང་ས་མཆོག་ཕྱིར་ལོག་ཕེབས་རྒྱུ་སོགས་སྐུ་སྒེར་གྱི་གནད་དོན་ཐོག་གྲོས་མོལ་བྱེད་དགོས་ལུགས་བཤད་ཀྱི་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་དང་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུར་དམ་བསྒྲགས་ཀྱི་སྲིད་བྱུས་འཛིན་བཞིན་པར་འགྱུར་ལྡོག་གཏོང་སྲིད་པའི་རྣམ་པ་གང་ཡང་མཐོང་རྒྱུ་མེད་པ་སོགས་ཀྱིས་ ད་རེས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་གྱི་འབྲེལ་མོལ་ཐེངས་དགུ་པ་དེ་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་གཏོང་རྒྱུའི་རྣམ་པ་ཐོན་མི་སྲིད་པའི་སྐོར་གནད་དོན་དབྱེ་ཞིབ་པ་ཚོའི་བཀའ་མོལ་ལུང་འདྲེན་བྱས་ནས་གནས་ཚུལ་བཀོད་འདུག