བལ་ཡུལ་ནང་རྡོ་སྣུམ་རིན་གོང་མཐོ་རུ་ཕྱིན་པར་ངོ་རྒོལ་བྱས་འདུག
2008.06.22
༄༅༎དེང་སྐབས་འཛམ་གླིང་ནང་མོ་ཊའི་རྡོ་སྣུམ་གྱི་རིན་གོང་མཐོ་རུ་འགྲོ་བཞིན་པའི་དཀའ་ངལ་ལྟར་བལ་ཡུལ་ནང་ལའང་རྡོ་སྣུམ་རིན་གོང་མཐོ་རུ་ཕྱིན་པར་བརྟེན་ནས་དེ་རིང་བལ་པོའི་སློབ་ཕྲུག་ཚོས་རྒྱལ་ས་ཀ་ཐ་མན་གྲུའི་ནང་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
སློབ་ཕྲུག་གིས་ཁོང་ཚོའི་གཞུང་གིས་ངོས་ནས་སྤྱི་དམངས་ཀྱི་བེད་སྤྱོད་གཏོང་བའི་འགྲུལ་སྐྱེལ་སྦ་སེ་དང་དད་གླ་གཏོང་མཁན་གྱི་ཀྲེག་སི་སོགས་ཀྱི་རིན་འབབ་མཐོ་རུ་གཏོང་དུ་བཅུག་སྟེ་མི་དམངས་ལ་རྡབ་གསིག་བཟོས་པར་བརྟེན་མོ་ཊའི་རིན་འབབ་ཉུང་དུ་གཏང་དགོས་པའི་དགོས་འདུན་བཏོན་པ་དང་ཆབས་ཅིག་དེ་རིང་རྒྱལ་སའི་ནང་གི་འགྲིམས་འགྲུལ་བཀག་འགོག་བྱས་ཏེ་འགྲུལ་སྐྱེལ་མོ་ཊ་སྦ་སེ་དང་ཀྲེག་སི་སོགས་རྒྱ་ལམ་ཐོག་མཐོང་རྒྱུ་མེད་པ་རེད། ཡིན་ནའང་བལ་ཡུལ་གཞུང་ཕྱོགས་ནས་རྡོ་སྣུམ་གྱི་རིན་གོང་འཕར་བཞིན་ཡོད་པར་བརྟེན་ནས་མོ་ཊའི་རིན་བབ་བརྒྱ་ཆ་༢༥ སྤར་ཆོག་པའི་བཀའ་ཁྲོལ་སྤྲད་ཀྱང་བལ་པོའི་འགྲིམས་འགྲུལ་མཉམ་འབྲེལ་ཚོགས་པས་ཁྲོམ་རའི་ཐོག་རྡོ་སྣུམ་གྱི་རིན་གོང་འཕར་ཆ་ཕྱིན་པ་དེ་ཁ་གསབ་ཀྱི་ཆེད་དུ་མོ་ཊའི་རིན་འབབ་ནས་བརྒྱ་ཆ་༣༥ སྤར་ཆོག་པའི་རེ་འདུན་བཏོན་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད། དེ་རིང་བལ་ཡུལ་རྒྱལ་སའི་ནང་སློབ་ཕྲུག་གིས་རྡོ་སྣུམ་རིན་གོང་འཕར་བའི་དོན་རྐྱེན་ཐོག་ནས་གཞུང་གི་མོ་ཊའི་ལས་མཚམས་འཇོག་པ་མ་ཟད། གཞུང་གི་མོ་ཊ་ཁག་ཅིག་ཐོག་རྒོལ་བརྡུང་བཏང་སྟེ་ཟླ་བ་འདིའི་ཕྱི་ཚེས་༡༠ ནས་རྡོ་སྣུམ་རིན་གོང་འཕར་བ་དེ་བཞིན་འཕྲལ་དུ་ཉུང་དུ་གཏང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན་ནས་གཞུང་གི་སྤྱི་སྤྱོད་མོ་ཊ་གཅིག་ཀྱང་འགྲོ་ལམ་ཐོག་འགྲིམས་འགྲུལ་བྱེད་མཁན་མེད་པ་དང་སློབ་ཕྲུག་ཚོས་ཁ་སྔོན་རེས་གཟའ་ཕུར་བུ་ནས་ངོ་རྒོལ་ལས་འགུལ་འགོ་བཙུགས་ཏེ་ད་དུང་ཡང་མུ་མཐུད་རྒྱལ་སའི་ནང་གི་ས་ཁུལ་མི་འདྲའི་ནང་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད༎