བལ་ཡུལ་ནང་གཞུང་གསར་འཛུགས་ཀྱི་གྲོས་བསྡུར།
2010.05.30
༄༅༎བར་ལམ་བལ་ཡུལ་ནང་གི་ཆབ་སྲིད་ཀྱི་དཀའ་རྙོག་ལ་བརྟེན་ནས་བལ་ཡུལ་གྱི་སྲིད་བློན་དགོངས་ཞུ་གནང་རྒྱུའི་མོས་མཐུན་བྱུང་བའི་རྗེས་དེ་རིང་རེས་གཟའ་ཉི་མའི་ཉིན་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཆེ་ཁག་གསུམ་པོས་འབྱུང་འགྱུར་ཆབ་སྲིད་ཚོགས་པ་ཁག་མཉམ་འབྲེལ་གྱི་གཞུང་གསར་པ་འཛུགས་ཕྱོགས་ཐོག་ལ་བཀའ་བསྡུར་གནང་ཡོད་པ་རེད།
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༢༨ཉིན་བལ་ཡུལ་གྲོས་ཚོགས་ཀྱིས་རྩ་ཁྲིམས་གསར་པ་ཟིན་བྲིས་ཀྱི་དུས་བཀག་གི་ཉིན་མཐའ་མ་དེ་ཡིན་ནའང་རྩ་ཁྲིམས་གསར་བཟོ་དུས་བཀག་ནང་ཆ་ཚང་བ་ལེགས་གྲུབ་བྱུང་མེད་པར་བརྟེན་བལ་ཡུལ་གྱི་མའོ་གྱེན་ལོག་ཤོག་ཁག་གིས་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་སྲིད་བློན་ནས་དགོངས་ཞུ་བྱས་ཏེ་གཞུང་ཕྱིར་བསྡུ་བྱེད་དགོས་པ་དང༌། རྩ་ཁྲིམས་གསར་བཟོའི་དུས་ཚོད་བསྐྱར་དུ་དུས་འགྱངས་བྱ་རྒྱུ་མིན་ཞེས་ངོ་རྒོལ་བྱས་ཏེ་བལ་ཡུལ་གྱི་ཆབ་སྲིད་ཀྱི་གནས་སྟངས་དཀའ་ཚེགས་ཅན་དུ་གྱུར་བར་བརྟེན། ཕྱི་ཚེས་༢༨ཉིན་སྲིད་བློན་མཆོག་གིས་རྩ་ཁྲིམས་གསར་བཟོའི་དུས་ཚོད་འཕར་འགྱངས་བྱེད་རྒྱུར་མའོ་གྱེན་ལོག་ཤོག་ཁག་གིས་རྒྱབ་སྐྱོར་ཡོང་ཐབས་སུ་དམིགས་ཏེ་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་ཁས་ལེན་གནང་ཡོད་པ་རེད། བལ་ཡུལ་གྱི་མའོ་གྱེན་ལོག་ཤོག་ཁག་གི་ཆབ་སྲིད་ཚོགས་པ་དེ་ནི་ཕྱི་ལོ་༢༠༠༨ལོའི་གྲོས་ཚོགས་ཀྱི་འོས་བསྡུའི་སྐབས་འཐུས་མི་གྲངས་འབོར་མང་ཤོས་ཀྱི་རྒྱལ་ཁ་ཐོབ་ཏེ། གྲོས་ཚོགས་ནང་དབང་ཤུགས་ཆེ་བའི་ཚོགས་པ་གཙོ་བོ་དེ་ཡིན་པ་བརྟེན་ནས་ཁོང་ཚོས་རྩ་ཁྲིམས་གསར་བཟོའི་དུས་ཚོད་ཕར་འགྱངས་བྱེད་པར་ངོ་རྒོལ་བྱས་པ་ཡིན་ཚེ་ཕྱི་ཚེས་༢༨ ཉིན་གྲོས་ཚོིགས་ཀྱི་རྩ་ཁྲིམས་གསར་བཟོའི་དུས་བཀག་ཡོལ་ཏེ་བལ་ཡུལ་དེ་བཞིན་གྲོས་ཚོགས་ལ་ལས་ཀ་བྱེད་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་ཉེན་ཁ་བྱུང་ཡོད་པ་རེད།