བལ་ཡུལ་གྱི་བུད་མེད་ཚོ་ཁོང་ཁྲོ་ཆེན་པོ་ལངས་འདུག
2015.08.04
བལ་ཡུལ་གྱི་ཟིན་བྲིས་རྩ་ཁྲིམས་གསར་པའི་ནང་དོན་ཐད་བལ་ཡུལ་གྱི་བུད་མེད་ཚོ་ཁོང་ཁྲོ་ཆེན་པོ་ལངས་བཞིན་པ་རེད།
དེ་ཡང་བལ་ཡུལ་གྱིས་གྲོས་འཆར་བཏོན་པའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པ་དེས། ལོ་ངོ་བརྒྱ་ཕྲག་མང་པོ་ནས་བལ་ཡུལ་ནང་བུད་མེད་དང་སྐྱེས་པའིི་དབར་ཐོབ་ཐང་འདྲ་མཉམ་མེད་པའི་གནས་སྟངས་དེ་བཟང་དུ་མ་ཕྱིན་པར་བལ་ཡུལ་ནང་གི་བུད་མེད་ཚོའི་མི་སེར་གནས་བབས་དང་། མཁར་དབང་། དེ་མིན་གྱི་ཐོབ་ཐང་གཞན་མང་པོ་ཉུང་དུ་བཏང་ཡོད་པར་བལ་ཡུལ་གྱི་བུད་མེད་ཚོས་ཁོང་ཁྲོ་ཆེན་པོ་བྱས་འདུག
ཆབ་སྲིད་ཚོགས་པ་ཕན་ཚུན་དབར་ཕན་ཚུན་རྩོད་གླེང་མང་པོ་བྱུང་བའི་མཐར་སྲིད་དོན་ཚོགས་པའི་དབར་འགྲིགས་འཇགས་བྱུང་ནས། ཉེ་དུས་ཕྱི་ཟླ་དྲུག་པའི་ནང་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམ་པས་རྩ་ཁྲིམས་ཟིན་བྲིས་ཤིག་གྲོས་ཚོགས་ནང་སྙན་འབུལ་ཞུས་ཡོད་པ་རེད།
ལོ་གྲངས་བཞི་བཅུ་ལ་སླེབས་པའི་ཚོང་ཁང་བདག་པོ་Rama Bistaཡིས། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་སྐྱེས་པ་ཚོར་ཐོབ་ཐང་ཆེ་བ་ཡོད་སའི་རྒྱལ་ཁབ་ནང་། ད་རེས་རྩ་ཁྲིམས་གསར་པ་དེས་བུད་མེད་ཀྱི་ཐོབ་ཐང་ལ་སླར་ཡང་རྡོག་རོལ་བཏང་འདུག་ཅེས་བརྗོད་འདུག Bistaཡིས་བལ་ཡུལ་ནང་གི་རྒྱ་གར་བ་ཞིག་དང་གཉེན་སྒྲིག་བྱས་ནས་འདས་པའི་ལོ་བཞིའི་རིང་ཁོང་གཉིས་ཀྱི་བུ་གཉིས་ལ་བལ་ཡུལ་གྱི་མི་སེར་གནས་བབས་ལེན་ཐབས་བྱས་ཡོད་རུང་། ཕྲུ་གུ་གཉིས་ཀྱི་ཕ་རྒྱ་གར་བ་ཡིན་པའི་རྒྱུ་མཚན་ཐོག་ནས་བལ་ཡུལ་གྱི་འབྲེལ་ཡོད་དཔོན་རིགས་ཚོས་ཕྲུ་གུ་གཉིས་བལ་པོ་མིན་པ་དང་། ཕའི་རྒྱལ་ཁབ་རྒྱ་གར་ལ་འགྲོ་དགོས་པའི་སྐོར་བརྗོད་ཡོད་ལུགས་བལ་མོ་Bistaཡིས་ཕ་རེན་སི་གསར་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག
བལ་ཡུལ་གྱི་ཟིན་བྲིས་རྩ་ཁྲིམས་གསར་པ་དེའི་ནང་ཕྲུ་གུ་བལ་པོའི་མི་སེར་ཆགས་ཡག་ལ་ཕ་མ་གཉིས་ཀ་བལ་པོ་ཡིན་དགོས་པ་དང་། ཕ་མ་ཡ་གཅིག་གི་ཕྲུ་གུར་མི་སེར་གྱི་གནས་བབས་སྤྲོད་ཆོག་རྒྱུ་མིན་ལུགས་བཀོད་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།