བལ་ཡུལ་ལ་ཕག་པའི་རིམས་ནད་སྔོན་འགོག་སྨན་རོགས་སྐྱོབ།
2010.01.03
༄༅༎ཟླ་བ་འདིའི་ཟླ་མཇུག་ནང་བལ་ཡུལ་ལ་རྒྱལ་སྤྱིའི་ཐོག་ནས་ཕག་པའི་རིམས་ནད་སྔོན་འགོག་གི་སྨན་ཁབ་རོགས་རམ་ཐོག་མ་དེ་རགས་ཀྱི་ཡོད་པའི་སྐོར་རེས་གཟའ་སྤེན་པའི་ཉིན་བལ་པོའི་གསར་ཤོག་ཧི་མ་ལ་ཡའི་དུས་བབ་ཞེས་པའི་ཐོག་གནས་ཚུལ་བཀོད་ཡོད་པ་རེད།
གསར་ཤོག་དེའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བལ་ཡུལ་འཕྲོད་བསྟེན་ལྷན་ཁང་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ལ་ཕག་པའི་རིམས་ནད་སྔོན་འགོག་གི་སྨན་ཁབ་རོགས་རམ་ཡོང་བའི་རེ་འདུན་སྙན་ཞུ་ཕུལ་ཟིན་པའི་སྐོར་དང། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ཟླ་དང་པོའི་ཟླ་མཇུག་ནང་ཚུད་ལ་བལ་ཡུལ་གཞུང་ཕྱོགས་ནས་སྔོན་འགོག་གི་སྨན་ཁབ་ཇི་ཙམ་རེ་འདུན་ཞུས་པ་བཞིན་མཁོ་སྤྲོད་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཀོད་ཡོད་པ་རེད། ད་དུང་བལ་ཡུལ་གཞུང་ཕྱོགས་ནས་གལ་ཏེ་སྔོན་འགོག་གི་སྨན་ཁབ་རོགས་སྐྱོར་ཐོབ་པའི་རྗེས་ཕག་པའི་རིམས་ནད་དེ་འགོས་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཆེ་བའི་སྡེ་ཚན་ཁག་ལ་མཁོ་སྤྲོད་བྱ་རྒྱུའི་གསལ་བསྒྲགས་བྱས་པ་དང། དེ་ཡང་སྨན་ཁང་གི་ལས་ཀ་བྱེད་མཁན་དང། བུད་མེད་ཕྲུ་གུ་སྐྱེས་རྒྱུ་ཡོད་པ། ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ནད་གཞི་ཡོད་མཁན། ཕྲུ་གུ་ལོ་ལྔ་མན་ཆད་དང། ལོ་༦༥ཡན་གྱི་རྒན་ཁོག་རིགས་ལ་སྔོན་འགོག་གི་སྨན་ཁབ་སྔོན་ལ་མཁོ་སྤྲོད་བྱ་རྒྱུ་ཡིན་པ་བཀོད་ཡོད་པ་རེད།
བལ་ཡུལ་ནང་དུ་ཕག་པའི་རིམས་ནས་དེ་ནི་ཁྱབ་སྤེལ་མྱུར་པོ་འགྲོ་བཞིན་པའི་རྣམ་པའི་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ལ་སྔོན་འགོག་གི་སྨན་ཁབ་རེ་འདུན་ཞུས་པ་ཞིག་ཡིན་ཞིང། ཉེ་ཆར་ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བདུན་བར་དུ་བལ་ཡུལ་ནང་ཕག་པའི་རིམས་ནད་འགོས་ཁྱབ་ཟིན་པའི་ནད་པ་༡༥༠བྱུང་ཡོད་པའི་བསྡོམས་རྩིས་བཏོན་པ་བཞིན། དེའི་ནང་ནས་ནད་པ་༤༤ནི་བུད་མེད་ཡིན་པ་གསུང་ཡོད་པ་རེད།