བལ་ཡུལ་དུ་ལས་འགུལ་སྤེལ་དོགས་ཀྱིས་བོད་མི་འཛིན་བཟུང་བྱས་པ།
2009.10.01
༄༅༎ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་མོ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་བཙུགས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་ཉིན་བལ་པོའི་ཉེན་རྟོག་པས་བལ་ཡུལ་ནང་དུ་ཡོད་པའི་བོད་མི་བཙན་བྱོལ་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་དོགས་གཞིའི་འོག་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་བཞག
དེ་རིང་རེས་གཟའ་ཕུར་བུའི་ཉིན་བལ་པོའི་ཉེན་རྟོག་པ་དཔོན་རིགས་ཤིག་གིས་གསུངས་ན་ཁོང་ཚོར་བལ་ཡུལ་རྒྱལ་སའི་ནང་བོད་མི་ཁག་ཅིག་འདུ་འཛོམས་བྱས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་གནས་ཚུལ་འབྱོར་བའི་རྗེས་བོད་མི་བཅུ་རྒྱལ་ས་ཀ་ཐ་མན་དྲུའི་སྲང་ལམ་ཐོག་འགྲོ་བསྐྱོད་བྱེད་པའི་སྐབས་འཛིན་བཟུང་བྱས་པའི་གནས་ཚུལ་འགྲེལ་བརྗོད་བྱས་པ་དང་ཡིན་ནའང་ཁོང་ཚོར་དགོས་ངེས་ཀྱི་གནས་ཚུལ་འདྲི་རྩད་བྱས་པའི་རྗེས་གློད་འགྲོལ་བཏང་ཟིན་པའི་སྐོར་ཕེ་རན་སི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་ཡོད་པ་རེད། ད་དུང་བལ་པོའི་དཔོན་རིགས་མཚན་གསུང་འདོད་མེད་པ་ཞིག་གིས་ངོ་སྤྲོད་བྱས་པར་གཞིགས་ན་དེ་རིང་རེས་གཟའ་ཕུར་བུའི་སྔ་དྲོ་བལ་པོའི་ཉེན་རྟོག་པས་རྒྱལ་ས་ཀ་ཐ་མན་དྲུའི་ས་ཕྱོགས་ཁག་མི་འདྲ་བ་ནས་བོད་མི་ཁྱོན་ཉུང་མཐར་སུམ་ཅུ་སོ་བརྒྱད་ཙམ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་དང་བོད་མི་འཛིན་བཟུང་བྱས་པ་དེ་རྣམས་རེས་གཟའ་ཕུར་བུའི་ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་དམག་མིའི་རུ་སྒྲིག་གཏོང་བ་སོགས་དུས་དྲན་མཛད་སྒོ་ཚོགས་པའི་དུས་ཚོད་དེར་བྱུང་བ་ཡིན་པ་བཤད་ཡོད་པ་རེད། ཡིན་ནའང་ཨེ་པི་གསར་འགྱུར་ལས་ཁང་གིས་དེ་ཉིན་བལ་པོའི་ཉེན་རྟོག་པས་བོད་མི་ཁྱོན་མི་གྲངས་བདུན་བཅུ་ལ་ཉེ་བ་འཛིན་བཟུང་བྱས་ཡོད་པའི་བསྡོམས་རྩིས་བཏོན་ཡོད་ཅིང་གང་ལྟར་བལ་ཡུལ་གྱི་རྒྱལ་ཁབ་དེ་ནི་བོད་མི་བཙན་བྱོལ་བོ་ཁྲི་གཉིས་ཙམ་གནས་སྡོད་བྱེད་ཡུལ་ཞིག་ཡིན་པ་དང་བལ་ཡུལ་རྒྱལ་ཁབ་དེ་ཡང་རྒྱ་གར་དང་རྒྱ་ནག་གི་བར་ཏུ་གནས་བཞིན་ཡོད་པ་མ་ཟད་བལ་པོའི་གཞུང་ཕྱོགས་ནས་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་ཇུས་ནི་རྒྱ་ནག་གཅིག་ལྟ་ཚུལ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་རྒྱབ་སྐྱོར་བྱེད་པ་དང་ལྷག་པར་དུ་ན་ནིང་བོད་ནང་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་རྔམ་སྟོན་གྱི་དོན་རྐྱེན་དེ་བྱུང་བ་ནས་བཟུང་རྒྱ་ནག་ཕྱོགས་ནས་བལ་ཡུལ་གཞུང་ལ་བལ་པོའི་ས་ཐོག་ཏུ་བོད་མི་ཚོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་མི་ཆོག་པའི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་རེད།